Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 1-1Folio 132Volume 1
Vol. 1F. 132aUT4CZ5369-I1KG9127-0000/side/263
དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་དེང་ཕྱིན་ཆད་འདུག་པ་དང་། བྱ་བ་དང་། གསོ་སྦྱོང་ལ་ཏྲོན་བྱ་བར་རྗེས་སུ་གནང་ངོ་། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་དེང་ཕྱིན་ ཆད་འདུག་པ་དང་། བྱ་བ་དང་། གསོ་སྦྱོང་ལ་ཏྲོན་བྱ་བར་རྗེས་སུ་གནང་ངོ་ཞེས་བཀའ་སྩལ་ནས། དེ་དག་གིས་འདུག་པ་ཅི་ལྟ་བུ་ཡིན་པ་དང་། བྱ་བ་ཅི་ལྟ་བུ་ཡིན་པ་དང་། གསོ་སྦྱོང་ཅི་ལྟ་བུ་ཡིན་པ་མི་ཤེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཚུར་ཤོག །འདུག་པ་ནི་རྣལ་འབྱོར་ཏེ། ལུས་འདི་ཉིད་རྐང་པའི་མཐིལ་ཡན་ཆད་ཀླད་པའི་སྐྲ་མན་ཆད་པགས་པ་ལ་ཐུག་གི་བར་དུ་ཇི་ལྟར་གནས་པ་དང་། ཅི་ལྟར་བྱས་པ་ བཞིན་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་སྟེ། ལུས་འདི་ལ་སྐྲ་དང་ཁ་སྤུ་དང་། སེན་མོ་དང་སོ་དང་། རྡུལ་དང་། དྲི་མ་དང་། པགས་པ་དང་། ཤ་དང་། རུས་པ་དང་། རྒྱུས་པ་དང་། རྩ་དང་། མཁལ་མ་དང་། སྙིང་དང་། མཆིན་པ་དང་། གློ་བ་དང་། རྒྱུ་ མ་དང་། གཉེ་མ་དང་། ཕོ་བ་དང་། ལོང་ཀ་དང་། ལྒང་པ་དང་། མཚེར་པ་དང་། ཕྱི་ས་དང་། མཆི་མ་དང་། སྣབས་དང་། ཞག་དང་། ཆུ་སེར་དང་། རྐང་དང་། ཚིལ་དང་། མཁྲིས་པ་དང་། བད་ཀན་དང་། རྣག་དང་། ཁྲག་དང་། ཀླད་པ་དང་། ཀླད་རྒྱས་དང་། གཅིན་དག་ཡོད་དོ་སྙམ་དུ་སོ་སོར་རྟོགས་ཤིག །བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་དག་སྤྱོད་ཡུལ་དུ་ཞུགས་པ་ན་ཡང་རྣལ་འབྱོར་སྒོམ་པར་བྱེད་པ་ན་དེ་དག་གླང་པོ་ཆེ་འཁྲུལ་པ་དང་། རྟ་འཁྲུལ་པ་དང་། རྐང་ཐང་པ་འཁྲུལ་ པ་དང་ལྷན་ཅིག་ཕྲད་ནས་འགྱེལ་བ་དང་བུབ་པར་གྱུར་ནས་མ་དད་པ་རྣམས་འཕགས་པ་དག་མི་མཐོང་ངམ་ཅི་ཞེས་ཅོ་འདྲི་བར་བྱེད་པ་དང་། དེ་དག་རྣལ་འབྱོར་སྒོམ་མོ་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་
Vol. 1F. 132bUT4CZ5369-I1KG9127-0000/side/264
སྩལ་པ། སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་བསྒོམ་པར་མི་བྱའོ། །དེ་དག་སྒོ་ཁང་དུ་རྣལ་འབྱོར་སྒོམ་པར་བྱེད་པ་ན་ཡུར་ནས་མ་དད་པ་རྣམས་འཕགས་པ་དག་ཅི་ཁྱེད་འདུ་བར་ཉལ་བའི་བརྟུལ་ཞུགས་ཅན་ཡིན་ནམ་ཞེས་ཅོ་འདྲི་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་ སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་ཁང་དུ་རྣལ་འབྱོར་བསྒོམ་པར་མི་བྱའོ། །དེ་དག་ཁྱམས་སུ་སྒོམ་པར་བྱེད་པ་ན་ཉེས་དམིགས་དེ་ཉིད་དུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱམས་སུ་རྣལ་འབྱོར་བསྒོམ་པར་ མི་བྱའོ། །དེ་དག་གནས་ཁང་དུ་སྒོམ་པར་བྱེད་པ་ན་བསམ་གཏན་དག་གི་ཚེར་མ་ནི་སྒྲ་ཡིན་པས་སེམས་རྩེ་གཅིག་པ་ཉིད་ཀྱང་མི་ཐོབ་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ཁང་དུ་རྣལ་ འབྱོར་བསྒོམ་པར་མི་བྱའོ། །དེ་དག་དགོན་པར་དོང་སྟེ་སྒོམ་པར་བྱེད་པ་ན་ཆོམ་རྐུན་པ་རྣམས་དང་། གཡོན་ཅན་རྣམས་དང་། སེང་གེ་རྣམས་དང་། སྟག་རྣམས་དང་། གུང་རྣམས་དང་། གཟིག་རྣམས་ཀྱིས་བགྲོད་པར་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་ སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགོན་པར་རྣལ་འབྱོར་བསྒོམ་པར་མི་བྱའོ། །དེ་དག་གྲོང་དང་ཉེ་བར་ལྷགས་ནས་སྒོམ་པར་བྱེད་པ་ན་མ་དད་པ་རྣམས་འཕགས་པ་དག་ཅི་ཁྱེད་ཅག་འགའ་ཞིག་ཤི་བ་དང་ལྡན་པར་མ་གྱུར་ཏམ་ཞེས་ ཅོ་འདྲི་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱོགས་དེ་ཡལ་ག་དག་གམ། སེག་དག་དང་། རེ་ལྡེ་དག་གིས་བསྐོར་བར་བྱའོ། །དེ་དག་གིས་ཕྱོགས་ཡལ་ག་དག་གམ། སེག་ དག་གམ། རེ་ལྡེ་དག་གིས་བསྐོར་བ་དང་མ་དད་པ་རྣམས་འཕགས་པ་དག་ཅི་འདི་རྒྱལ་མོ་ག་གོན་གྱི་ར་བའམ། ལ་ཕུག་གི་ར་བའམ་ཞེས་ཅོ་འདྲི་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།