Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 1-2Folio 136Volume 1
Vol. 1F. 136aUT4CZ5369-I1KG9127-0000/side/271
ཏྲོན་མཛད་ཀྱི། འདི་ན་སྤོང་བ་ག་ལ་མཆིས་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཎྜཱི་རྒྱ་ཆེར་བརྡུང་བར་མི་བྱ་སྟེ། འདི་ལྟར་གཎྜཱི་དེ་ནི་ལྔ་སྟེ། དགེ་འདུན་བསྡུ་བའི་གཎྜཱི་དང་། ལས་ཀྱི་གཎྜཱི་དང་། ཤི་བའི་གཎྜཱི་དང་། སྤོང་བའི་གཎྜཱི་དང་། གནོད་པ་བྱུང་བའི་གཎྜཱི་འོ། །དེ་ལ་དགེ་འདུན་བསྡུ་བའི་གཎྜཱི་དེ་ནི་རྒྱུད་གསུམ་དང་ཏོག་གསུམ་མོ། །ལས་ཀྱི་གཎྜཱི་དེ་ནི་རྒྱུད་གཅིག་དང་ཏོག་གསུམ་མོ། །ཤི་བའི་གཎྜཱི་དེ་ནི་བྱི་བོའོ། །སྤོང་བའི་གཎྜཱི་དེ་ནི་ཁར་ སིལ་ལོ། །གནོད་པ་བྱུང་བའི་གཎྜཱི་དེ་ནི་ཇི་ཙམ་གྱིས་ཆོག་པའོ། །དེ་དག་དུས་རྟིང་ལ་ཐུག་པ་ན་ཅི་བདེར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྟིང་ལ་ཐུག་ན་ཅི་བདེར་མི་བྱ་བར་དུས་ཤེས་པར་བྱས་ནས་ཅི་བདེར་བྱས་ཏེ། དགེ་འདུན་ལས་འཚལ་མ་ཐོབ་པ་གང་དག་ཡིན་ པ་དེ་དག་ཀྱང་ཁྲུས་བྱས་ནས་དགེ་འདུན་གྱི་ནང་དུ་འདུ་ཁོམ་པ་དང་། བསོད་སྙོམས་པ་གང་དག་ཡིན་པ་དེ་དག་ཀྱང་རྐང་ལག་གཉིས་བཀྲུས་ནས་གྲོང་དུ་བསོད་སྙོམས་ལ་འཇུག་ཁོམ་པར་བྱའོ། །དེ་དག་དེ་ཁོ་ན་བཞིན་དུ་ཅི་བདེར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ ཁོ་ན་བཞིན་དུ་ཅི་བདེར་མི་བྱ་བར་རྒྱུད་ཆགས་གསུམ་པ་གདོན་པར་བྱའོ། །དེ་དག་ཧ་ཅང་མང་དུ་འདོན་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧ་ཅང་མང་དུ་གདོན་པར་མི་བྱའོ། །དེ་དག་ཧ་ཅང་ཉུང་ངུར་འདོན་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧ་ ཅང་ཉུང་ངུར་གདོན་པར་མི་བྱ་སྟེ། འདི་ལྟར་རན་པར་གདོན་པར་བྱའོ། །དེ་དག་ཡོན་བཤད་པར་མི་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོན་བཤད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཡོན་བཤད་པར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་སུས་ཡོན་བཤད་ པར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གནས་བརྟན་གྱིས་ཡོན་བཤད་པར་བྱའོ། །དེ་དག་ཡོན་བཤད་པ་ཧ་ཅང་མང་དུ་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོན་བཤད་པ་ཧ་ཅང་མང་དུ་མི་བྱའོ། །དེ་དག་ཡོན་བཤད་པ་ཧ་ཅང་
Vol. 1F. 136bUT4CZ5369-I1KG9127-0000/side/272
ཉུང་ངུར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོན་བཤད་པ་ཧ་ཅང་ཉུང་ངུར་མི་བྱ་སྟེ། འདི་ལྟར་ཡོན་བཤད་པར་རན་པར་བྱའོ། །དགེ་སློང་སྤོང་བའི་ཞལ་ཏ་བྱེད་པ་ཐམས་ཅད་ཀྱི་མཇུག་ཏུ་འདུ་ཞིང་ཐམས་ཅད་ཀྱི་མདུན་དུ་དགྱེས་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དགེ་སློང་སྤོང་བའི་ཞལ་ཏ་བྱེད་པ་ཐམས་ཅད་ཀྱི་མཇུག་ཏུ་དགྱེས་པར་བྱ་ཞིང་ཐམས་ཅད་ཀྱི་མདུན་དུ་འདུ་བར་བྱའོ། །གལ་ཏེ་རྐྱེན་དེ་ལྟ་བུ་བྱུང་ན་དེས་ཕྱོགས་དབེན་པར་ལྡེ་མིག་སྦས་ཏེ། ཚེ་དང་ལྡན་པ་ཁོ་བོས་ཕྱོགས་ག་གེ་མོ་ཞིག་ཏུ་ལྡེ་མིག་སྦས་ཀྱིས་ཕྱེ་ལ་ཞུགས་ཤིག་ ཅེས་བརྗོད་པར་བྱའོ། །དགེ་སློང་སྤོང་བའི་ཞལ་ཏ་བྱེད་པས་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་དག་ཡང་དག་པར་བླངས་ཏེ་མི་འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནི་འདུག་པ་ཞེས་བྱའོ། །བྱ་བ་གང་ཞེ་ན། དགེ་འདུན་གྱིས་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་གང་ཡིན་པ་དེ་འདི་ནི་བྱ་བ་ཞེས་བྱའོ། །གསོ་སྦྱོང་གང་ཞེ་ན། དགེ་སློང་དག་ངས་སོ་སོར་ཐར་པའི་མདོ་གདོན་པ་སྟོན་པ་གང་ཡིན་པ་སྟེ། དེ་ཁྱེད་ཀྱིས་དེང་ཕྱིན་ཆད་ཟླ་བ་ཕྱེད་ཕྱེད་ཅིང་གདོན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་ སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་སུས་གདོན་པར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གནས་བརྟན་གྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ། །བཅོམ་ལྡན་ འདས་ཀྱིས་དགེ་འདུན་གྱི་གནས་བརྟན་གྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་དག་དེའི་གནས་ཁང་དུ་འདུ་བར་བྱེད་པ་ན་དེ་དག་དེར་མི་ཤོང་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་ དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ཁང་དུ་གདོན་པར་མི་བྱའོ། །དེ་དག་ཁྱམས་སུ་གདོན་པར་བྱེད་པ་ན་དེར་ཡང་མི་ཤོང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱིས་གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱའོ། །བཅོམ་ལྡན་འདས་