Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 101Folio 95Volume 48
Vol. 48F. 95aUT4CZ5369-I1KG9174-0000/side/189
སེམས་ཅན་མཆོག་ཡོད་དེ། །དེ་རིང་ཁོ་ནར་འཁོར་དུ་ལྷགས་པར་གྱུར། །འཇིག་རྟེན་མགོན་པོ་གང་དག་འདིར་ལྷགས་པའི། །གོ་ཆ་བསྔགས་པ་ཕྱོགས་བཅུར་བཟློག་མི་ནུས། །ཀུན་དགའ་བཟང་སྐྱོང་རིན་ཆེན་འབྱུང་གནས་དང་། །དཀོན་མཆོག་
འབྱུང་གནས་དང་ནི་དེད་དཔོན་བཟང་། །ཡོན་ཏན་སྦས་པ་མཁས་དང་དེ་བཞིན་དུ། །དཔའ་བོ་བཟང་སྟོབས་གང་ཡིན་དེ་ལ་ལྟོས། །ཆུ་ཞེས་བྱ་བ་དང་ནི་ཆུ་ལྷ་དང་། །བཟང་སྐྱོང་དེ་བཞིན་དགེ་སློང་ཅི་འདྲ་རྣམས། །ཇི་ལྟར་སྐྱོབ་འགྱུར་དགེ་སློང་དེ་དག་ལྟོས། །དེ་དག་
རྣམས་ཀྱི་གོ་ཆ་དེ་བསམ་ཡས། །དོན་ཡོད་ཅེས་ནི་ཡོངས་སུ་བསྒྲགས་གྱུར་པ། །དེ་དག་གིས་ནི་དོན་ཡོད་གོ་ཆ་བགོས། །དེ་དག་མཐོང་བའང་དོན་ཡོད་འགྱུར་བ་ཡིན། །དེ་དག་བསྙེན་བཀུར་བྱེད་པ་སྨོས་ཅི་དགོས། །ཀུན་དགའ་གང་སུ་དག་གིས་དེ་དག་མཐོང་། །གང་
དག་སུ་ཡིས་མིང་ཡང་ཐོས་གྱུར་པ། །དེ་དག་ནམ་ཡང་བྱང་ཆུབ་དོགས་པ་མེད། །དེ་དག་ནམ་དུའང་ལོག་པར་ལྟུང་མི་འགྱུར། །དེ་དག་ཐམས་ཅད་བརྩོན་པས་ཚོགས་པ་ཡིན། །དེ་དག་ཐམས་ཅད་ཤེས་པས་ཚོགས་པར་གྱུར། །རྟག་ཏུ་ཚུལ་ཁྲིམས་ཕུང་པོས་དེ་རྟག་
གནས། །ཐམས་ཅད་ཐེག་པ་མཆོག་ལ་དེ་ལྟར་འདུད། །ཀུན་དགའ་སངས་རྒྱས་ཞིང་འདིར་ཕྱོགས་བཅུ་ཡི། །འཇིག་རྟེན་ད་ལྟར་གང་དག་སུ་གནས་པ། །དཔའ་བོ་དེ་ཅི་གོ་ཆ་འདོད་གྱུར་པ། །དེ་ལ་རྒྱལ་བ་ཀུན་གྱིས་བསྔགས་པ་བརྗོད། །གང་གིས་བསྔགས་
བརྗོད་རྒྱལ་བ་དེ་དག་ཀྱང་། །བྱང་ཆུབ་སེམས་དཔས་དེ་ཚེ་དེར་ཤེས་ཏེ། །ཤཱཀྱ་ཁྱུ་མཆོག་འཇིག་རྟེན་མགོན་པོ་དང་། །བྱང་ཆུབ་ཞུགས་པའི་དཔའ་བོ་དག་བལྟའོ། །དེ་ཐོས་ནས་ཀྱང་གསོལ་བ་བཏབ་གྱུར་པ། །མགོན་པོ་མི་མཇེད་འཇིག་རྟེན་ཁམས་སུ་མཆི། །
རྒྱལ་བ་རྣམས་ཀྱི་སྐུ་ལ་བསྐོར་བྱས་ནས། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལྷགས། །དགེ་སློང་དེ་དག་གི་ཡང་མིང་ཐོས་ནས། །དེ་ཚེ་བྱང་ཆུབ་མཆོག་ཏུ་འདུན་པ་བསྐྱེད། །གང་དག་མིང་དང་འདུན་པས་བྱང་ཆུབ་ཞུགས། །དེ་དག་རྒྱལ་བས་བྱང་ཆུབ་དེར་
Vol. 48F. 95bUT4CZ5369-I1KG9174-0000/side/190
ལུང་བསྟན། །བསྐལ་པ་གྲངས་མེད་དག་ཏུ་ལས་བྱས་ཤིང་། །མི་དགེ་བསྒྲུབས་པ་གང་དག་སུ་ཡོད་པ། །དེ་ཕྱིར་སྙིགས་མའི་དུས་ན་དེ་དག་ནི། །ང་དང་ལྷན་ཅིག་སངས་རྒྱས་ཞིང་དུ་ལྷགས། །ང་ཡིས་བྱང་ཆུབ་མཆོག་འདི་ཐོབ་གྱུར་ཀྱང་། །དེ་ཚེ་སེམས་ཅན་
བལྟ་བར་སྤྲོ་བ་མེད། །གང་དག་ཕྱི་དུས་དགེ་སློང་རྣམས་འབྱུང་བ། །རྩུབ་དང་གཏུམ་དང་ཤིན་ཏུ་རྩུབ་པ་ཡིན། །དེ་ཚེ་ཀུན་དུ་འཇིགས་པ་ཐོས་ནས་སུ། །ཡང་དང་ཡང་དུ་བརྩོན་འགྲུས་སྟོབས་བསྐྱེད་ཅིང་། །མུ་གེའི་དུས་སུ་ཟན་རྗེན་སྦྱིན་པ་བྱིན། །དེ་དག་རྣམས་ཀྱི་
སྦྱིན་པ་རྩུབ་པ་ཡིན། །དེ་དག་འདི་ལ་གུས་པ་ཆེ་བྱས་ནས། །ཕྱི་དུས་འཇིགས་པ་ཆེན་པོ་དེ་ཡི་ཚེ། །སྲོག་ཀྱང་བཏང་ནས་དོན་ནི་བྱ་སྙམ་སྟེ། །ང་ཡི་ཆོས་མཆོག་སྤེལ་ཞིང་འཛིན་པར་བྱེད། །དུས་དེ་ན་ནི་མི་དགེའི་ལས་རྣམས་ཀྱི། །སྨོན་ལམ་གནས་ཀྱང་འཇིག་རྟེན་
དག་ན་ཡོད། །འདི་ན་ལས་དེ་དག་ནི་བྱས་པ་ན། །དེ་ཡི་ཚེ་ན་བརྙས་པའི་ཚུལ་དུ་འགྱུར། །དེ་དག་དེར་ནི་འདི་འདྲའི་ཆོས་ཐོས་ནས། །དེ་ཚེ་དེར་ནི་ཆོས་མིན་འདུ་ཤེས་འགྱུར། །ཆོས་འདི་རྒྱལ་བས་གསུངས་པ་མ་ཡིན་ཞེས། །འཇིག་རྟེན་ཕྱིན་ཅི་ལོག་ལ་ཀུན་དགའ་ལྟོས། །
དེ་ཚེ་དགེ་སློང་སློབ་པས་འདུ་བྱེད་ལ། །རྟག་པ་ཅུང་ཟད་མེད་ཅེས་སྐྱོ་ཐོབ་པས། །དེ་ཚེ་མགོ་ལ་མེ་འབར་བཞིན་དུ་རྟོགས། །འཆི་མེད་ཐོབ་པར་བྱ་ཕྱིར་མ་ལུས་བཙལ། །བསྟན་འདི་རབ་ཏུ་རྣམ་པར་འཇིག་ཐོས་ནས། །དེར་ནི་ལྷ་ཡང་སྡུག་བསྔལ་དག་ཏུ་གྱུར། །དེ་ཚེ་
འཇིག་པ་མཐོང་ན་མི་རུང་ཞེས། །དེ་ལྟའི་དུས་སུ་ཤི་ཡང་བླ་སྙམ་སེམས། །བག་ཚ་མེད་པའི་སྒྲོགས་པ་སྒྲོགས་པ་ཡི། །དྲང་སྲོང་ཆེ་དེ་དེ་རིང་བདག་ཅག་མཐོང་། །འདྲེན་པ་མཆོག་གི་ཞལ་དུ་ལྟ་བྱེད་ཅིང་། །ཀྱེ་མ་རྒྱལ་བས་བཤད་ཅེས་ཡི་རང་ངོ་། །དགེ་སློང་བསམ་
གཏན་བྱེད་པ་དག་ཀྱང་མཐོང་། །དབང་ཐོབ་རྫུ་འཕྲུལ་སྟོབས་ཀྱིས་མཁས་གྱུར་པ། །འདི་ན་ཏིང་འཛིན་ཤེས་རབ་ཕ་རོལ་ཕྱིན། །དེ་དག་ཕྱི་མའི་དུས་སུ་ཇི་ལྟར་མཐོང་། །སྡིག་པའི་དགེ་སློང་སྟོབས་དང་ལྡན་འགྱུར་ཞིང་། །དེ་ཚེ་ཚུལ་ལྡན་ཤིན་ཏུ་ཚར་བཅད་འགྱུར། །