Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 116Folio 31Volume 51
Vol. 51F. 31aUT4CZ5369-I1KG9177-0000/side/61
ན་བརྫུན་དུ་སྨྲས་པར་མི་འགྱུར་རམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་མ་ལགས་སོ། །བདེ་བར་གཤེགས་པ་དེ་ལྟ་མ་ལགས་སོ། །སྐྱེས་བུ་དེས་འདི་ལྟར་ཐབས་མཁས་པས་བྱིས་པ་དེ་རྣམས་ཁྱིམ་འབར་བ་དེ་ནས་ཕྱུང་སྟེ། སྲོག་སྩལ་ བའི་སླད་དུ་དེ་ཉིད་ཀྱིས་རྒྱུས་སྐྱེས་བུ་དེ་ཤོ་བེ་མཆི་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གི་ལུས་ཐོབ་པ་ཉིད་ཀྱིས། རྩེད་མོར་བགྱི་བ་ཐམས་ཅད་ཀྱང་ཐོབ་པ་ལགས་ཏེ། འདི་ལྟར་བཅོམ་ལྡན་འདས་སྐྱེས་བུ་དེས་གཞོན་ནུ་དེ་དག་ལ་ཤིང་རྟ་གཅིག་མ་སྩལ་ དུ་ལགས་ཀྱང་། བཅོམ་ལྡན་འདས་སྐྱེས་བུ་དེ་ཤོ་བེ་བར་མཆི་བར་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྐྱེས་བུ་དེས་ཐོག་མ་ནས་ཐབས་མཁས་པས་གཞོན་ནུ་དེ་དག་བདག་གིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ལས་ཐར་བར་བགྱིའོ་སྙམ་དུ་བསམས་པའི་སླད་དུ་སྟེ། རྣམ་གྲངས་འདིས་ཀྱང་སྐྱེས་བུ་དེ་ཤོ་བེ་མཆི་བ་མ་ལགས་ན། སྐྱེས་བུ་དེ་བདག་ལ་བང་མཛོད་མང་པོ་ཡང་མཆིས་ལ། བུ་ཡང་སྡུག་པར་བསམས་ནས། ལེགས་སུ་འདོད་པས་སྤུ་མདོག་འཐུན་པའི་བཞོན་པ། བཞོན་པ་ཆེན་པོ་སྩལ་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་ འདས་སྐྱེས་བུ་དེ་ཤོ་བེ་མཆི་བ་མ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ལེགས་སོ་ལེགས་སོ། །དེ་དེ་བཞིན་ཏེ་ཇི་སྐད་སྨྲས་པ་བཞིན་ནོ། །ཤཱ་རིའི་བུ་དེ་བཞིན་དུ། དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་པ་ཐམས་ཅད་སེལ་བ། འཚེ་བ་དང་འཁྲུགས་པ་དང་གནོད་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་མ་རིག་པའི་མུན་པ་མུན་ནག་གི་རབ་རིབ་སྒྲིབ་པ་དང་། ཡོངས་སུ་དཀྲིས་པ་ཐམས་ཅད་ ལས་ཡོང་ཡེ་རྣམ་པར་གྲོལ་བ། དེ་བཞིན་གཤེགས་པའི་ཡེ་ཤེས་དང་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ལྡན་པ། རྫུ་འཕྲུལ་གྱི་སྟོབས་ཀྱིས་ཤིན་ཏུ་སྟོབས་དང་ལྡན་པ་འཇིག་རྟེན་གྱི་ཕ། ཐབས་ཆེན་པོ་ལ་མཁས་པའི་ཡེ་ཤེས་དམ་པའི་ཕ་རོལ་ཏུ་སོན་
Vol. 51F. 31bUT4CZ5369-I1KG9177-0000/side/62
པ། སྙིང་རྗེ་ཆེན་པོ་མི་སྐྱོ་བའི་ཡིད་ཀྱིས་ཕན་པར་འདོད་པ། སྙིང་བརྩེ་བ་དང་ལྡན་པ་དེ། ཁམས་གསུམ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབར་བ་གདུང་ཕྱམ་དང་སྟེང་གི་གཡོགས་མ་ཞིག་པའི་ཁང་པ་དང་འདྲ་བར་སེམས་ཅན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་ འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་དང་། མ་རིག་པའི་མུན་པ་མུག་ནག་གི་རབ་རིབ་སྒྲིབ་པ་དང་ཡོངས་སུ་དཀྲིས་པར་ཞུགས་པ་རྣམས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་ཡོངས་སུ་གྲོལ་བར་བྱ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་གཟུད་པའི་ཕྱིར་འབྱུང་སྟེ། དེ་བྱུང་མ་ཐག་ཏུ་སེམས་ཅན་རྣམས་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པས་སྲེག་པ་དང་བཙོ་བ་དང་གདུང་བ་དང་ཡོངས་སུ་གདུང་བ་དང་ལོངས་སྤྱོད་ཀྱི་ཕྱིར་འདོད་པའི་རྒྱུའི་གཞིས་ སྡུག་བསྔལ་རྣམ་པ་མང་པོ་རབ་ཏུ་མྱོང་བ་དང་། ད་ལྟར་གྱི་ཚེ་ལ་ཚོལ་བ་དང་ཡོངས་སུ་བསགས་པའི་ཕྱིར། ཚེ་ཕྱི་མ་ལ་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དུ་སྡུག་བསྔལ་རྣམ་པ་མང་པོ་རབ་ཏུ་མྱོང་བ་དང་། ལྷ་དང་མི་དབུལ་པོ་དང་མི་སྡུག་པ་དང་ཕྲད་པ་ དང་སྡུག་པ་དང་བྲལ་བའི་སྡུག་བསྔལ་རབ་ཏུ་མྱོང་བ་དེ་ཉིད་དུ། སྡུག་བསྔལ་གྱི་ཕུང་པོར་འཁོར་ཞིང་། རྩེ་དགའ་ལ་དགའ་མགུར་སྤྱོད་དེ། མི་སྐྲག་མི་དངང་དངང་བར་མི་འགྱུར། མ་རིག་མ་ཚོར་སྐྱོ་བར་མི་བྱེད་འབྱུང་བ་མི་ཚོལ་བར་ཁང་པ་འབར་བ་དང་འདྲ་བའི་ཁམས་གསུམ་དེར་ མངོན་པར་དགའ་ནས། དེ་དང་དེ་དག་ཏུ་རྒྱུག་སྟེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་དེ་ལྟ་བུས་གཟིར་ཀྱང་། སྡུག་བསྔལ་དུ་འདུ་ཤེས་པ་ཡིད་ལ་བྱ་བ་མི་སྐྱེད་པར་གཟིགས་སོ། །ཤཱ་རིའི་བུ་དེ་ལ་ང་ནི་སེམས་ཅན་འདི་དག་གི་ཕ་སྟེ། ངས་སེམས་ཅན་འདི་དག་སྡུག་བསྔལ་གྱི་ ཕུང་པོ་ཆེན་པོ་འདི་ལྟ་བུ་འདི་ལས་ཡོངས་སུ་ཐར་བར་བྱ་ཞིང་ངས་གང་གི་སེམས་ཅན་འདི་དག་རྩེ་བ་དང་དགའ་བ་དང་དགའ་མགུར་སྤྱོད་པ་དང་རྣམ་པར་རྩེ་བར་བྱེད་པར་འགྱུར་བ་སངས་རྒྱས་ཀྱི་ཡེ་ཤེས་བདེ་བ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ། སེམས་ཅན་འདི་དག་ལ་སྦྱིན་