Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 116Folio 76Volume 51
Vol. 51F. 76aUT4CZ5369-I1KG9177-0000/side/151
མཆོག་ཏུ་གྱུར་པ་བཞིན་དུ་ཐམས་ཅད་དུ་ཡང་གྱུར་ཏོ། །ཐམས་ཅད་དུ་ཡང་སྟོང་པ་ཉིད་རྟོགས་པར་ཁོང་དུ་ཆུད་པར་གྱུར་ཏོ། །ཐམས་ཅད་དུ་ཡང་སོ་སོ་ཡང་དག་པར་རིག་པ་ཐོབ་པར་གྱུར་ཏོ། །ཐམས་ཅད་དུ་ཡང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལེགས་པར་རྟོགས་པར་ཁོང་དུ་ ཆུད་པར་གྱུར་ཏོ། །ཤིན་ཏུ་ངེས་པར་ཆོས་སྟོན་པ་དང་ཐེ་ཚོམ་མེད་པར་ཆོས་སྟོན་པ་དང་ཡོངས་སུ་དག་པར་ཆོས་སྟོན་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བསྟན་པ་ལ་ཆོས་བཙལ་ཏེ་ཚངས་པར་སྤྱོད་པ་སྤྱད་དོ། །ཐམས་ཅད་དུ་ཡང་ཉན་ཐོས་སུ་ཀུན་གྱིས་ཤེས་ཏེ། དེ་ཐབས་ འདིས་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་དོན་བྱས་སོ། །སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱ་བས་སེམས་ཅན་རྣམས་ལ་ཉེ་བར་ གནས་པར་གྱུར་ཏོ། །ཐམས་ཅད་དུ་ཡང་བདག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་སོ། །སེམས་ཅན་དག་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པར་གྱུར་ཏོ། །དགེ་སློང་དག་རྣམ་པར་གཟིགས་ལ་སོགས་པ་དེ་བཞིན་གཤེགས་པ་བདུན་པོ་དེ་དག་གི་ཐ་མ་ནི་ང་ཡིན་ཏེ། དེ་དག་གི་ཡང་ ཆོས་རྗོད་པའི་མཆོག་ཏུ་གྱུར་ཏོ། །དགེ་སློང་དག་བསྐལ་པ་བཟང་པོ་འདི་ལ་མ་འོངས་པའི་དུས་ན་སངས་རྒྱས་སྟོང་དུ་སངས་རྒྱས་བཞིས་མ་ཚང་བ་གང་དག་འབྱུང་བ་དེ་དག་གི་བསྟན་པ་ལ་ཡང་། བྱམས་མའི་བུ་གང་པོ་འདི་ཉིད་ཆོས་སྟོན་པའི་མཆོག་ཏུ་འགྱུར། དམ་པའི་ཆོས་ཡོངས་སུ་འཛིན་པར་ འགྱུར་རོ། །དེ་བཞིན་དུ་མ་འོངས་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་གྲངས་མེད་པའི་དམ་པའི་ཆོས་ཀུན་འཛིན་པར་འགྱུར་རོ། །སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །རྟག་ཏུ་རྒྱུན་མི་ཆད་པར་འགྱུར་རོ། །བདག་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པར་འགྱུར་རོ། །དེས་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ལྟ་བུ་ཡོངས་སུ་རྫོགས་པར་བྱས་
Vol. 51F. 76bUT4CZ5369-I1KG9177-0000/side/152
ཏེ། བསྐལ་པ་གྲངས་མེད་དཔག་ཏུ་མེད་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་ མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཆོས་རབ་ཏུ་སྣང་བ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་སྟེ། སངས་རྒྱས་ཀྱི་ཞིང་འདི་ཉིད་དུ་འབྱུང་བར་འགྱུར་རོ། །དགེ་སློང་དག་ཡང་དེའི་ཚེ་སངས་རྒྱས་ཀྱི་ཞིང་འདི་སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འགྱུར་ཏེ། དེ་རིན་པོ་ཆེ་སྣ་བདུན་གྱི་གཞི་ལ་ལག་མཐིལ་ལྟར་མཉམ་པ་རི་མེད་པ་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པས་ཡོངས་སུ་གང་བར་འགྱུར་རོ། །ལྷའི་གཞལ་མེད་ཁང་དག་དང་ཉེ་བར་གྱུར་ཏེ། ལྷ་དག་གིས་ཀྱང་མི་མཐོང་མི་དག་གིས་ཀྱང་ལྷ་མཐོང་བར་འགྱུར་རོ། །དགེ་སློང་དག་དེའི་ཚེ་སངས་རྒྱས་ཀྱི་ཞིང་འདི་ན་ངན་སོང་མེད་པར་འགྱུར་བུད་མེད་ཀྱང་མེད་དེ་སེམས་ཅན་དེ་དག་ཐམས་ཅད་ཀྱང་བརྫུས་ཏེ་སྐྱེ་བ། ཚངས་པར་སྤྱོད་པ་ཡིད་ལ་བྱེད་པའི་ལུས་འོད་རང་ལ་ཡོད་པ་རྫུ་འཕྲུལ་ཅན་ནམ་མཁའ་ ལ་འགྲོ་བ་བརྩོན་འགྲུས་དང་ལྡན་པ་དྲན་པ་དང་ལྡན་པ་ཤེས་རབ་དང་ལྡན་པ་ལུས་གསེར་གྱི་ཁ་དོག་ཅན་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལུས་བརྒྱན་པར་འགྱུར་རོ། །དགེ་སློང་དག་ཡང་དེའི་ཚེ་སངས་རྒྱས་ཀྱི་ཞིང་འདིར་སེམས་ཅན་དེ་དག་གི་ཟས་རྣམ་པ་གཉིས་སུ་འགྱུར་ཏེ་གཉིས་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་དགའ་བའི་ཟས་དང་བསམ་གཏན་གྱི་དགའ་བའི་ཟས་སོ། །དེའི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་འབྱུང་སྟེ། ཐམས་ཅད་ཀྱང་མངོན་པར་ཤེས་པ་ཆེན་པོ་ཐོབ་པ་སོ་སོ་ཡང་དག་པར་རིག་པ་རྣམས་རྟོགས་པར་ཁོང་དུ་ཆུད་པ་སེམས་ཅན་ ལ་འདེམས་མཁས་པ་ཤ་སྟག་སྟེ། དེའི་ཉན་ཐོས་བགྲང་བ་ལས་འདས་པ་འབྱུང་སྟེ། རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཤ་སྟག་གོ། །སངས་རྒྱས་ཀྱི་ཞིང་དེ་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་པར་འགྱུར་རོ། །བསྐལ་པ་ནི་རིན་པོ་ཆེ་སྣང་བ་ཞེས་བྱ་བར་འགྱུར་