Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 201Folio 29Volume 62
Vol. 62F. 29aUT4CZ5369-I1KG9188-0000/side/57
པ་རྙེད་པར་འགྱུར་ཏེ། དེ་ལ་སངས་རྒྱས་ལ་མཆོད་པ་བྱེ་བྲག་ཏུ་མངོན་པར་འཕགས་པ་ནི་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་བསྙེན་ཅིང་བསྟེན་པ་དང་། བསྙེན་བཀུར་བྱེད་ཅིང་རྙེད་པ་དང་བཀུར་སྟི་བྱས་ཏེ། ཅི་ནུས་ཀྱིས་ཐེག་པ་ཆེན་པོ་ཡང་དག་ པར་སྐྱེད་ཅིང་སྦྱིན་པ་གང་ཡིན་པའོ། །བདག་ནི་ཆོས་ཐམས་ཅད་འདུས་མ་བྱས་སོ་ཞེས་བྱ་བ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ཐམས་ཅད་འདུས་མ་བྱས་སོ་ཞེས་བྱ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་ཐམས་ཅད་འདུས་མ་བྱས་ཞེས་བྱ་བ་དེ་ནི་ འདུས་བྱས་ཀྱི་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། འདུས་བྱས་ཀྱི་རང་བཞིན་ལས་འདུས་མ་བྱས་གཞན་མ་ཡིན་པའི་ཕྱིར་ཏེ། འདུས་བྱས་ཀྱི་རང་བཞིན་ལས་འདུས་མ་བྱས་གཞན་མེད་པས་འདུས་བྱས་ཀྱི་རང་བཞིན་ཉིད་འདུས་མ་བྱས་ཏེ། འདུས་བྱས་ཀྱི་རང་བཞིན་འདུས་མ་བྱས་ ཤེས་པ་དེས་ཆོས་ཐམས་ཅད་འདུས་མ་བྱས་པའོ། །བདག་ནི་ཆོས་ཐམས་ཅད་སྟོང་ངོ་ཞེས་བྱ་བ་ལ་ཞུགས་ཀྱིས། གཞན་དག་ཀྱང་ཆོས་ཐམས་ཅད་སྟོང་ངོ་ཞེས་བྱ་བ་ལ་གཟུད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྟོང་པ་ཉིད་ནི་ལྟ་བར་གྱུར་པ་གང་ཡིན་པའོ། ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ནི་ལྟ་བར་གྱུར་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། ལྟ་བར་གྱུར་པའི་རང་བཞིན་ལས་སྟོང་པ་ཉིད་གཞན་མེད་པས་ལྟ་བར་གྱུར་པའི་རང་བཞིན་ཉིད་སྟོང་པ་ཉིད་དོ། །ལྟ་བར་གྱུར་པའི་རང་བཞིན་སྟོང་པ་ཉིད་ཤེས་པ་དེས་ཆོས་ཐམས་ཅད་ སྟོང་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཆོས་ཐམས་ཅད་མཐོང་བར་དཀའ་བ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ཐམས་ཅད་མཐོང་བར་དཀའ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་ཐམས་ཅད་མཐོང་བར་དཀའ་བ་ནི་རྒྱུ་དང་རྐྱེན་གྱི་རང་བཞིན་ཡིན་
Vol. 62F. 29bUT4CZ5369-I1KG9188-0000/side/58
པའི་ཕྱིར་རོ། །བདག་ནི་ཆོས་ཐམས་ཅད་རྟོགས་པར་དཀའ་བ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ཐམས་ཅད་རྟོགས་པར་དཀའ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་ཐམས་ཅད་རྟོགས་པར་དཀའ་བ་ནི་དམིགས་པ་དང་ཡིད་ལ་བྱེད་པའི་རང་ བཞིན་མ་ཡིན་པའི་ཕྱིར་རོ། །བདག་ནི་ཆོས་ཐམས་ཅད་རིག་པར་དཀའ་བ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ཐམས་ཅད་རིག་པར་དཀའ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་ཐམས་ཅད་རིག་པར་དཀའ་བ་ནི་ཤེས་པ་དང་། ཤེས་བྱ་མཉམ་ པ་ཉིད་དུ་རྟོགས་པའི་ཕྱིར་རོ། །བདག་ནི་ཆོས་ཐམས་ཅད་རྙོག་པ་མེད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ཐམས་ཅད་རྙོག་པ་མེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་ཐམས་ཅད་རྙོག་པ་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། ། བདག་ནི་ཆོས་ཐམས་ཅད་མི་ཟད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ཐམས་ཅད་མི་ཟད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་ཐམས་ཅད་མི་ཟད་པ་ནི་དཔེ་དང་དཔེར་བྱ་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ཏེ། འཇམ་དཔལ་དབུགས་ འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཆོས་ཐམས་ཅད་མི་ཕྱེད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ཐམས་ཅད་མི་ཕྱེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་མི་ཕྱེད་པ་ནི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི་ཕྱིར་དུས་གསུམ་མཉམ་པ་ཉིད་དུ་འཇུག་པ་ གང་ཡིན་པའོ། །བདག་ནི་འཕགས་པའི་བདེན་པ་བཞི་མི་ཕྱེད་པ་ལ་གནས་ཀྱིས། གཞན་དག་ཀྱང་འཕགས་པའི་བདེན་པ་བཞི་མི་ཕྱེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འཕགས་པའི་བདེན་པ་བཞི་མི་ཕྱེད་པ་ནི་ནང་རྣམ་པར་དག་པ་