Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 201Folio 33Volume 62
Vol. 62F. 33aUT4CZ5369-I1KG9188-0000/side/65
དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རྟོགས་པ་ནི་མདོ་ལས་འབྱུང་བའི་དགོངས་པ་ཁོང་དུ་ཆུད་པ་གང་ཡིན་པའོ། །བདག་ནི་ཤེས་རབ་ལ་གནས་ཀྱིས། གཞན་དག་ཀྱང་ཤེས་རབ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཤེས་རབ་ནི་
འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ལ་དབྱེར་མེད་པར་མཁས་པ་གང་ཡིན་པའོ། །བདག་ནི་ཚོགས་ལ་གནས་ཀྱིས། གཞན་དག་ཀྱང་ཚོགས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚོགས་ནི་ཕ་རོལ་ཏུ་ཕྱིན་པ་ལྔའོ། །བདག་ནི་ཡོངས་སུ་
གཅོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཡོངས་སུ་གཅོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡོངས་སུ་གཅོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་ནི་ཐབས་མཁས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཐབས་མཁས་པ་ལ་དགོད་
དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཐབས་མཁས་པ་ནི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་
ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་འདུ་འཛིར་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་འདུ་འཛིར་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་
ལ་འདུ་འཛིར་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་གང་ཡིན་པའོ། །བདག་ནི་འདུ་འཛི་མེད་པར་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་འདུ་འཛི་མེད་པར་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། །དེ་ལ་འདུ་འཛི་མེད་པར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་
ཡིན་པའོ། །བདག་ནི་ཟག་པ་དང་བཅས་པའི་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཟག་པ་དང་བཅས་པའི་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཟག་པ་དང་བཅས་པའི་སྤྱོད་པ་ནི་གང་ལ་རློམ་སེམས་འཇུག་པའོ། །བདག་ནི་ཟག་པ་མེད་
Vol. 62F. 33bUT4CZ5369-I1KG9188-0000/side/66
པའི་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཟག་པ་མེད་པའི་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཟག་པ་མེད་པའི་སྤྱོད་པ་ནི་གང་ལ་རློམ་སེམས་ཀྱི་རྒྱུ་བ་མེད་པའོ། །བདག་ནི་ཚད་ཡོད་པར་བྱས་པའི་སྤྱོད་པ་ལ་གནས་ཀྱིས། གཞན་
དག་ཀྱང་ཚད་ཡོད་པར་བྱས་པའི་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚད་ཡོད་པར་བྱས་པའི་སྤྱོད་པ་ནི་མཚན་མའི་གནས་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་
སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཚད་མེད་པར་བྱས་པའི་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཚད་མེད་
པར་བྱས་པའི་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚད་མེད་པར་བྱས་པའི་སྤྱོད་པ་ནི་མཚན་མ་མེད་པའི་གནས་གང་ཡིན་པའོ། །བདག་ནི་ཚད་ཡོད་པར་བྱས་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཚད་ཡོད་པར་བྱས་པ་ཤེས་པ་ལ་དགོད་དོ་
ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚད་ཡོད་པར་བྱས་པ་ཤེས་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། གནས་དང་གནས་མ་ཡིན་པ་རྣམ་པར་དཔྱོད་པ་ལ་མཁས་པ་གང་ཡིན་པའོ། །བདག་ནི་ཚད་མེད་པར་
བྱས་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཚད་མེད་པར་བྱས་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚད་མེད་པར་བྱས་པ་ཤེས་པ་ནི་གང་ལ་རློམ་སེམས་ཀྱི་རྒྱུ་བ་མེད་པའོ། །བདག་ནི་ཡོངས་སུ་ཆད་པ་ལ་གནས་ཀྱིས། གཞན་
དག་ཀྱང་ཡོངས་སུ་ཆད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡོངས་སུ་ཆད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔའོ། །བདག་ནི་ཡོངས་སུ་མ་ཆད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཡོངས་སུ་མ་ཆད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ།