Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 207Folio 18Volume 62
Vol. 62F. 18aUT4CZ5369-I1KG9188-0000/side/35
ཆུབ་ཀྱི་ཡན་ལག་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་གང་ཡིན་པའོ། །བདག་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་གནས་ཀྱིས། གཞན་
དག་ཀྱང་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་བྱ་བ་བྱས་པ་གང་ཡིན་པའོ། །བདག་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་
ལ་གནས་ཀྱིས། གཞན་དག་ཀྱང་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་གང་ཡིན་པའོ། །བདག་ནི་བཏང་སྙོམས་ཡང་དག་
བྱང་ཆུབ་ཀྱི་ཡན་ལག་ལ་གནས་ཀྱིས། གཞན་དག་ཀྱང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཕགས་པའི་ཆོས་ལ་ཡང་རྗེས་སུ་ཆགས་པར་མི་བྱེད། འཕགས་པ་
མ་ཡིན་པའི་ཆོས་ལ་ཡང་ཁོང་ཁྲོ་བར་མི་བྱེད་པ་གང་ཡིན་པའོ། །བདག་ནི་ཡང་དག་པའི་ལྟ་བ་ལ་གནས་ཀྱིས། གཞན་དག་ཀྱང་ཡང་དག་པའི་ལྟ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པའི་ལྟ་བ་ནི་མི་འགྱུར་བ་ལ་འཇུག་པ་གང་ཡིན་པ་སྟེ།
འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་
ལྟ་སྟེ། བདག་ནི་ཡང་དག་པའི་རྟོག་པ་ལ་གནས་ཀྱིས། གཞན་དག་ཀྱང་ཡང་དག་པའི་རྟོག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པའི་རྟོག་པ་ནི་ཀུན་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་སྤོང་བ་གང་ཡིན་པའོ། །བདག་ནི་
Vol. 62F. 18bUT4CZ5369-I1KG9188-0000/side/36
ཡང་དག་པའི་ངག་ལ་གནས་ཀྱིས། གཞན་དག་ཀྱང་ཡང་དག་པའི་ངག་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པའི་ངག་ནི་ཡི་གེ་དང་། སྐད་དང་དབྱངས་ཐམས་ཅད་ལ་ངག་གི་ལམ་དུ་འདུ་ཤེས་པ་གང་ཡིན་པའོ། །བདག་ནི་ཡང་དག་པའི་ལས་ཀྱི་
མཐའ་ལ་གནས་ཀྱིས། གཞན་དག་ཀྱང་ཡང་དག་པའི་ལས་ཀྱི་མཐའ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པའི་ལས་ཀྱི་མཐའ་ནི་ཆོས་ཐམས་ཅད་ལ་ལས་ཀྱི་རྣམ་པར་སྨིན་པ་མེད་པ་ལ་འཇུག་པ་གང་ཡིན་པའོ། །བདག་ནི་ཡང་དག་པའི་འཚོ་བ་ལ་
གནས་ཀྱིས། གཞན་དག་ཀྱང་ཡང་དག་པའི་འཚོ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པའི་འཚོ་བ་ནི་ཚོལ་བ་ཐམས་ཅད་ཀྱི་རྒྱུན་བཅད་པ་གང་ཡིན་པའོ། །བདག་ནི་ཡང་དག་པའི་རྩོལ་བ་ལ་གནས་ཀྱིས། གཞན་དག་ཀྱང་ཡང་དག་པའི་རྩོལ་
བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པའི་རྩོལ་བ་ནི་ཚུ་རོལ་གྱི་མུ་ཡོངས་སུ་སྤངས་ཤིང་ཕ་རོལ་གྱི་འགྲམ་དུ་འགྲོ་བ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་
བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཡང་དག་པའི་དྲན་པ་ལ་གནས་ཀྱིས། གཞན་དག་ཀྱང་ཡང་དག་པའི་དྲན་པ་
ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པའི་དྲན་པ་ནི་རློམ་སེམས་ངོ་བོ་ཉིད་མེད་པའི་ཕྱིར་ཆོས་ཐམས་ཅད་ལ་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་གང་ཡིན་པའོ། །བདག་ནི་ཡང་དག་པའི་ཏིང་ངེ་འཛིན་ལ་གནས་ཀྱིས། གཞན་དག་ཀྱང་ཡང་དག་པའི་
ཏིང་ངེ་འཛིན་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པའི་ཏིང་ངེ་འཛིན་ནི་སེམས་མེད་པའི་སྙོམས་པར་འཇུག་པ་གང་ཡིན་པའོ། །བདག་ནི་བྱང་ཆུབ་ཀྱི་སེམས་ལ་གནས་ཀྱིས། གཞན་དག་ཀྱང་བྱང་ཆུབ་ཀྱི་སེམས་ལ་དགོད་དོ་ཞེས་དབུགས་