Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 229Folio 44Volume 63
Vol. 63F. 44aUT4CZ5369-I1KG9189-0000/side/87
པ་བོར་ཏེ། སྦྱིན་བདག་ཆེན་པོ་ལ་མངོན་པར་དགའ་ནས་གཏོང་བ་ཆེན་པོ་ཚོལ་བ་ན་གཡང་ས་ཆེན་པོར་བཙུད་པ་དེ་བཞིན་དུ། ཤཱ་རིའི་བུ་གང་ཡང་དགེ་སློང་དེ་དག་གིས་ངའི་རྗེས་སུ་བསྟན་པ་བོར་ཏེ། བསོད་སྙོམས་ཕལ་པས་ཆོག་མི་ཤེས་ཤིང་། མགྲོན་དུ་གཉེར་བ་
ཆེན་པོ་ཚོལ་བར་འགྱུར་རོ། །དེ་དག་ཟང་ཟིང་གི་རྒྱུས་ངན་པའི་ཞགས་པས་བཅིངས་ནས། བདུད་སྡིག་ཅན་གྱིས་གཡང་ས་ཆེན་པོར་གཏོང་བར་འགྱུར་ཞིང་། ཤེས་རབ་འཆལ་པ་ཤེས་རབ་ཡོངས་སུ་ཉམས་པ་རྣམས་མནར་མེད་པ་ཆེན་པོར་ལྟུང་བར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ལྷག་མ་
ཡོངས་སུ་མ་དག་པར་ཆོས་སྟོན་པའི་དགེ་སློང་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་གསུང་ཐམས་ཅད་ཆུབ་པར་མ་བྱས་པ་དང་། བདག་ཉིད་མི་མཁས་པ་དང་། མ་བསླབས་པར་འཁོར་གྱི་ནང་དུ་སོང་ནས་གཞན་ལ་ཆོས་སྟོན་པར་འགྱུར་ཏེ། དེའི་ཚེ་འདི་ལ་དགེ་སློང་ལྷའི་མིག་དང་ལྡན་པའམ།
ལྷའམ། གང་དག་ཕ་རོལ་གྱི་སེམས་རིག་པ་མ་གཏོགས་པར་མིས་མི་ཤེས་པའི་སྐྱོན་ལྔ་དང་ལྡན་པར་འགྱུར་ཏེ། དེ་དེ་ན་བདག་ལ་འགའ་ཞིག་རྩོད་པར་མི་འགྱུར་གྲང་ཞེས་ཡིད་གཉིས་ཀྱིས་ཆོས་སྟོན་པར་འགྱུར་བས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཤེས་པར་དཀའ་བའི་ཟུག་རྔུ་དེའི་
སེམས་ལ་གནས་པ་དང་། རང་གི་སྤོབས་པ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཚིག་དང་ཡི་གེ་འཆལ་པ་དང་། དེའི་སྡིག་པའི་ཚིག་གི་རྣམ་པར་སྨིན་པ་སྟེ། རྒྱུ་འཐུན་པའི་རྣམ་པར་སྨིན་པ་དང་། འགྱོད་པ་ཡིད་ལ་བྱེད་པ་དང་། དགེ་འདུན་གྱི་ནང་ན་འདུག་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་
ཤེས་པར་དཀའ་བ་སེམས་ལ་གནས་པས་གདུང་བར་འགྱུར་བ་སྟེ། མདོ་སྡེའི་ཚུལ་མི་ཤེས་པར་གཞན་ལ་ཅི་དགར་མངོན་སུམ་དུ་ཆོས་སྟོན་པར་འགྱུར་བའི་ཤེས་པ་དེ་ལྟ་བུ་ནི་དེ་ལ་ཡོད་པ་མ་ཡིན་པས། དེའི་ཡིད་གཉིས་གང་ཡིན་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཤེས་པར་སླ་བ་མ་ཡིན་པའི་
ཕྱིར་རོ། །དེ་ངེས་པ་མེད་པའི་ཤེས་པ་དང་། ང་རྒྱལ་གྱི་དབང་དང་། ཕྲན་ཚེགས་ཀྱི་ཆེད་དུ་སེམས་པ་དང་། ཉེ་དུ་འདོད་པས་མ་བརྟགས་པར་ཟུག་རྔུ་དང་བཅས་པའི་ཆོས་སྟོན་པར་འགྱུར་ཏེ། ཡུན་རིང་པོར་འདོད་ཆགས་ཀྱི་ཟུག་རྔུ་དང་། ཞེ་སྡང་གི་ཟུག་རྔུ་དང་། གཏི་མུག་གི་ཟུག་རྔུ་རྙེད་
Vol. 63F. 44bUT4CZ5369-I1KG9189-0000/side/88
པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མ་ངེས་པར་ཆོས་སྟོན་པའི་རྣམ་པར་སྨིན་པ་ལས་སྐྱེས་པའི་བཟང་པོའི་གནས་སྐབས་ཤིག་བྱུང་ན་ཡང་། དེ་འདི་ལྟར་འགྱུར་ཏེ། གནས་སྐབས་དེ་ཡང་མྱུར་བ་ཁོ་ནར་འཇིག་པར་འགྱུར་རོ། །ཤཱ་རིའི་བུ་ངས་ནི་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་
དགེ་སློང་རྣམས་ཀྱི་སྐྱོན་ཇི་ལྟར་དགེ་སློང་རྣམས་དང་ལྷ་རྣམས་ཀྱིས་ཀྱང་མི་ཤེས་པ་འདི་དག་རབ་ཏུ་མཁྱེན་ཏོ། །ཤཱ་རིའི་བུ་གཞན་ཡང་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་མི་ཤེས་པར་གཞན་ལ་ཆོས་སྟོན་པར་བྱེད་དེ། དེ་དེ་བཞིན་
གཤེགས་པས་སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པའི་ཆོས་བསྟན་པ་གང་ཡིན་པ་དེ་དག་ལ་དེ་བདག་ཅེའམ། སེམས་ཅན་ཞེའམ། སྲོག་ཅེའམ། གང་ཟག་ཅེས་ཆོས་སྟོན་ཅིང་དེ་ང་ལ་ཡང་ཁ་ཟེར། དེ་ཆོས་ལ་ཡང་སྨོད། དགེ་འདུན་
ལ་ཡང་སྐུར་པ་འདེབས་པར་འགྱུར་རོ། །དེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་མ་གཏོགས་པར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་རིག་པའམ་ཡོངས་སུ་ཤེས་པར་མི་ནུས་སོ། །ཤཱ་རིའི་བུ་ཡང་ངས་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་རྣམས་ཀྱི་
སྐྱོན་དགེ་སློང་རྣམས་དང་ལྷ་རྣམས་ཀྱིས་ཀྱང་མི་ཤེས་པ་གང་ཡིན་པ་འདི་དག་མཁྱེན་ཏོ། །ཤཱ་རིའི་བུ་གཞན་ཡང་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་གང་ཡིན་པས་སངས་རྒྱས་ཀྱི་བྱང་ཆུབ་འདི་མི་ཤེས་པར་གཞན་ལ་ཆོས་སྟོན་པར་བྱེད་ན། དེ་མི་དགེ་བའི་རྩ་བ་ཇི་སྙེད་ཅིག་དང་ལྡན་པར་འགྱུར་
བ་དེའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཤཱ་རིའི་བུ་འདི་ལྟར་ཁྱོད་ལ་དཔེས་བསྟན་པར་བྱའོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། འཛམ་བུའི་གླིང་འདིའི་སེམས་ཅན་མང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གང་གིས་འཛམ་བུའི་གླིང་གི་སེམས་ཅན་རྣམས་སྲོག་དང་ཕྲལ་ན། དེ་ཇི་ག་གཞི་དེ་ལས་མི་དགེ་བ་མང་དུ་མངོན་པར་འདུ་བྱེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །