Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 231Folio 28Volume 64
Vol. 64F. 28aUT4CZ5369-I1KG9190-0000/side/55
དཔག་བསམ་གྱི་ཤིང་ངམ། མེ་ཏོག་གི་ཤིང་ངམ། འབྲས་བུའི་ཤིང་ང་ཡིར་བྱ་བ་མེད་པ་ཡོངས་སུ་བཟུང་བ་མེད་པ་དེ་དག་ཀྱང་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ལོ། །དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་མདོ་སྡེ་རྣམས་ལ་མཆོད་པ་དང་། རིམ་གྲོ་བྱ་བ་གང་འདི་དག་རྒྱ་ཆེན་པོ་རྒྱ་ཆེ་བ་དག་ཉན་ཅིང་དེ་དག་སྙིང་ཐག་པ་ནས་ལྷག་པའི་བསམ་པ་མཆོག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་བསྔོའོ། །གང་ཕྱོགས་བཅུ་ན་བྱང་ཆུབ་
སེམས་དཔའ་རྣམས་དང་། དེ་མ་ཡིན་པའི་སེམས་ཅན་དག་དགེ་བའི་ལས་རྣམས་བྱེད་ཅིང་བྱང་ཆུབ་ཀྱི་ཚོགས་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་སྟེ། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་དེ་བཞིན་
གཤེགས་པའི་མཆོད་རྟེན་ནམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་མེ་ཏོག་གམ། བདུག་པའམ། སྤོས་གསོལ་ན་སེམས་ཅན་ཐམས་ཅད་ཀྱི་ངང་ཚུལ་ངན་པའི་དྲི་ང་བ་བསལ་བ་དང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་ཐོབ་པར་ཡོངས་སུ་བསྔོའོ། །དེ་ཕྱག་དར་དང་ཞལ་ཞལ་
བྱེད་ན་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་མི་སྡུག་པ་མེད་པར་འགྱུར་བ་དང་། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པར་ཡོངས་སུ་བསྔོའོ། །དེ་མེ་ཏོག་གི་གདུགས་གསོལ་ན། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་གདུང་བ་མེད་པར་བྱ་བའི་ཕྱིར་ཡོངས་
སུ་བསྔོའོ། །དེ་གཙུག་ལག་ཁང་གི་ནང་དུ་འགྲོ་ན་འདི་ལྟར་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཟུད་དོ་སྙམ་དུ་སེམས་བསྐྱེད་དོ། །དེ་ཕྱིར་འབྱུང་ན་འདི་ལྟར་སེམས་ཅན་ཐམས་ཅད་འཁོར་བའི་བཙོན་ར་ནས་འདོན་ཏོ་སྙམ་དུ་སེམས་སྐྱེད་དོ། །དེ་གནས་ཁང་གི་སྒོ་འབྱེད་ན་འདི་
ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་བདེ་འགྲོ་ཐམས་ཅད་ཀྱི་སྒོ་དབྱེའོ། །སྙམ་དུ་སེམས་སྐྱེད་དོ། །དེ་སྒོ་གཅོད་ན་འདི་ལྟར་ངན་འགྲོ་ཐམས་ཅད་ཀྱི་སྒོ་རྣམས་གཅད་དོ་སྙམ་དུ་སེམས་སྐྱེད་དོ། །དེ་འདུག་ན་འདི་ལྟར་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་དོ་སྙམ་དུ་སེམས་སྐྱེད་དོ། །
Vol. 64F. 28bUT4CZ5369-I1KG9190-0000/side/56
དེ་གློ་གཡས་པས་ཉལ་ན་འདི་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་སྐྱེད་དོ། །དེ་དེ་ནས་ལྡང་ན་འདི་ལྟར་སེམས་ཅན་ཐམས་ཅད་ཉོན་མོངས་པའི་ཀུན་ནས་ལྡང་བ་རྣམས་ལས་བསླང་ངོ་སྙམ་དུ་སེམས་སྐྱེད་དོ། །དེ་ལུས་ཀྱི་ཆེད་
ལ་འགྲོ་ན། འདི་ལྟར་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་འགྲོས་སུ་འགྲོ་བར་གྱུར་ཅིག་སྙམ་དུ་སེམས་སྐྱེད་དོ། །དེ་དེར་འདུག་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཟུག་རྔུ་དབྱུང་ངོ་སྙམ་དུ་སེམས་སྐྱེད་དོ། །དེ་བཀྲུ་བཤལ་བྱེད་ན་འདི་
ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དྲི་མའི་སྐྱོན་རྣམས་བཀྲུའོ་སྙམ་དུ་སེམས་སྐྱེད་དོ། །དེ་ལག་པ་བསྙལ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དྲི་ང་བ་རྣམས་བསལ་ལོ་སྙམ་དུ་སེམས་སྐྱེད་དོ། །དེ་རྐང་པ་འཁྲུ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་
རྡུལ་རྣམ་པ་སྣ་ཚོགས་བསལ་ལོ་སྙམ་དུ་སེམས་སྐྱེད་དོ། །དེ་སོ་ཤིང་ཟ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་དྲི་མ་རྣམ་པ་སྣ་ཚོགས་བསལ་ལོ་སྙམ་དུ་སེམས་སྐྱེད་དོ། །དེ་ལུས་ཀྱི་གཡོ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་ཡོངས་སུ་སྔོའོ། །དེ་དེ་བཞིན་གཤེགས་པའི་མཆོད་
རྟེན་ལ་ཕྱག་འཚལ་ན་འདི་ལྟར་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་ཤོག་ཤིག་སྙམ་དུ་སེམས་སྐྱེད་དེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་སྔོ་བའི་ཐབས་མཁས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མུ་སྟེགས་ཅན་རྣམ་པར་ཟློག་
པའི་ཐབས་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་ལ་སོགས་པའི་མུ་སྟེགས་ཅན་གྱི་གནས་དེ་དང་དེ་དག་ཏུ་འཕྲུལ་བ་དག་མངོན་པར་སྤྲུལ་ཏེ། དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་བྱེད་
ཅིང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་སེམས་ཅན་འདི་རྣམས་ང་རྒྱལ་གྱི་ཟིལ་གྱིས་ནོན་པས་བདག་གིས་སྔར་སློབ་དཔོན་གྱི་ཚུལ་གྱིས་གདུལ་བར་ནི་མི་ནུས་ཀྱིས། སློབ་མར་ཁས་བླང་ངོ་སྙམ་སྟེ། དེ་དག་གི་ཁྲོད་དུ་རབ་ཏུ་འབྱུང་ངོ་། །དེ་རབ་ཏུ་བྱུང་ནས་ཇི་ལྟར་སྤྱོད་པ་དང་། སྤྱོད་ཡུལ་དང་།