Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 231Folio 81Volume 64
Vol. 64F. 81aUT4CZ5369-I1KG9190-0000/side/161
ཉིད་ཀྱི་ལམ་སྟོན་གྱི། བདག་དང་སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་གི་ལམ་མི་སྟོན་ཏོ། །མཐའ་གཉིས་ལ་གནས་པའི་སེམས་ཅན་རྣམས་ལ་མཐའ་གཉིས་དང་བྲལ་བའི་ལམ་སྟོན་གྱི། མཐའ་གཉིས་ལ་གནས་པ་མི་སྟོན་ཏོ། །
སེམས་གཡེངས་པའི་སེམས་ཅན་རྣམས་ལ་ཞི་གནས་དང་། ལྷག་མཐོང་གི་ལམ་སྟོན་གྱི་གཡེང་བའི་ལམ་མི་སྟོན་ཏོ། །སྤྲོས་པ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ལ་དེ་བཞིན་ཉིད་ཀྱི་ལམ་སྟོན་གྱི་བྱིས་པ་སྤྲོས་པ་ལ་མངོན་པར་དགའ་བའི་ལམ་མི་སྟོན་ཏོ། །འཁོར་བ་ལ་མངོན་པར་དགའ་
བའི་སེམས་ཅན་རྣམས་ལ་མྱ་ངན་ལས་འདས་པའི་ལམ་སྟོན་གྱི་འཁོར་བའི་ལམ་མི་སྟོན་ཏོ། །ལམ་གོལ་བར་ཞུགས་པའི་སེམས་ཅན་རྣམས་ལ་ལམ་སྲོལ་མ་དོད་པ་མ་ཡིན་པ་དང་། ཚེར་མ་མེད་པའི་ལམ་སྟོན་གྱི་ཉོན་མོངས་པའི་ཚེར་མས་གང་བའི་ལམ་མི་སྟོན་ཏོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་
དང་ལྡན་ན་བྱང་ཆུབ་སེམས་དཔའ་ལམ་མ་ལོག་པར་སྟོན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་རྒྱུན་མི་ཆད་པར་སེམས་མཉམ་པར་གཞག་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ལུས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་སོ། །
ཚོར་བ་རྣམས་དང་། སེམས་དང་ཆོས་རྣམས་དང་། ཡུལ་རྣམས་དང་། དགོན་པ་རྣམས་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། གཞོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་དང་། རྙེད་པ་དང་། བཀུར་སྟི་དང་། གྲགས་པ་དང་།
སྒྲ་དང་། ཚིགས་སུ་བཅད་པ་རྣམས་དང་། དེ་བཞིན་གཤེགས་པས་བསླབ་པ་བཅས་པ་རྣམས་དང་། ཉེ་བའི་ཉོན་མོངས་པ་དང་། ཡོངས་སུ་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་སོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་
བྱང་ཆུབ་སེམས་དཔའ་ལུས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་གང་ལུས་དང་ལྡན་པའི་སྡིག་པ་མི་དགེ་བའི་ཆོས་དེ་དག་ཡང་དག་པའི་ཤེས་རབ་ཀྱིས་རབ་ཏུ་བརྟགས་ཤིང་ཡོངས་སུ་སྤོང་ངོ་། །དེ་འོག་གི་རྐང་པའི་མཐིལ་ནས་བརྩམས་ཏེ།
Vol. 64F. 81bUT4CZ5369-I1KG9190-0000/side/162
ཡར་ལ་ཀླད་པའི་བར་དུ་ལུས་ཀྱི་ཉེས་པ་ལ་རྟོག་གོ། །ལུས་ལ་བདག་མེད་པར་ཡང་རྟོག་གོ། །ལུས་མི་བརྟན་པ་དང་། འཇིག་པ་དང་། ཆུ་རྒྱུས་ཀྱིས་གླགས་པ་དང་། དྲི་མི་ཞིམ་པ་དང་། དྲི་ང་བ་དང་། ཁ་དོག་མི་སྡུག་པར་རྟོག་སྟེ། དེ་དེ་ལྟར་རྟོག་པའི་ཚེ། གང་ལུས་ལ་
ལུས་སུ་འདོད་པ་དང་། ལུས་ལ་འདོད་ཆགས་པ་དང་། ལུས་ལ་དགའ་བ་དང་། ལུས་ལ་བདག་གིར་འཛིན་པ་དང་། ལུས་ལ་ཞེན་པ་དེ་དག་མི་འབྱུང་སྟེ། དེའི་རྒྱུ་དེའི་རྐྱེན་དེའི་གཞིས་ལུས་དང་ལྡན་པའི་ཆོས་རྣམས་ཀྱི་དབང་དུ་འགྲོ་བར་མི་འགྱུར་ཏེ། གཞན་དུ་ན་ལུས་དང་ལྡན་པའི་
ཆོས་རྣམས་དེ་ཉིད་ཀྱི་དབང་དུ་འགྱུར་ཏེ། དེ་ལྟར་ན་ལུས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་པའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚོར་བ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཚོར་བ་གང་ཇི་སྙེད་པ་དེ་དག་
ཐམས་ཅད་ནི་སྡུག་བསྔལ་ན། བྱིས་པ་ཕྱིན་ཅི་ལོག་གིས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ནི་བདེ་བར་འཛིན་ཏེ། བྱིས་པ་རྨོངས་པ་རྣམས་སྡུག་བསྔལ་ལ་བདེ་བ་ཞེས་བྱ་བར་འཛིན་གྱིས་འཕགས་པ་རྣམས་ཀྱིས་ནི་ཐམས་ཅད་སྡུག་བསྔལ་བར་ཐུགས་སུ་ཆུད་དོ་སྙམ་ནས་དེ་སྤང་བའི་ཕྱིར་ནན་ཏན་དུ་བྱེད་དོ། །
སེམས་ཅན་གཞན་དག་ཀྱང་བསླབ་པ་དེ་ཉིད་ལ་འགོད་ཀྱིས་བདག་གིས་ཀྱང་དེ་དག་གི་རྗེས་སུ་བསླབ་པར་བྱའོ་སྙམ་སྟེ། དེ་དེ་ལྟར་རྟོག་པས་ཚོར་བ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་སོ། །དེ་ཚོར་བ་དག་ལ་ཆགས་པའང་མེད། ཁོང་ཁྲོ་བའང་མེད་ཅིང་དེ་དག་སྤང་བའི་ཕྱིར་རབ་
ཏུ་ཞུགས་པ་ཡིན་ནོ། །གཞན་དག་ཀྱང་བསླབ་པ་དེ་ཉིད་ལ་འགོད་དེ། དེ་ལྟར་ན་ཚོར་བ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་སོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། སེམས་འདི་ནི་མི་རྟག་
པ་ལ་རྟག་པར་མངོན་པར་དགའ་བའོ། །སྡུག་བསྔལ་ལ་བདེ་བར་མངོན་པར་དགའ་བའོ། །བདག་མེད་པ་ལ་བདག་ཏུ་མངོན་པར་དགའ་བའོ། །མི་གཙང་བ་ལ་གཙང་བར་མངོན་པར་དགའ་བའོ། །གཡོ་ཞིང་མི་བརྟན་པ་ལ་མྱུར་དུ་འགྱུར་བའོ། །ཉོན་མོངས་པ་རྣམས་ཀྱི་རྩ་བའོ། །