Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 257Folio 268Volume 66
Vol. 66F. 268aUT4CZ5369-I1KG9192-0000/side/535
ཚོགས་ཀྱི་ཆར་ཡང་བབ་པར་གྱུར་ཏོ། །ལྷའི་གོས་དང་། ཆོས་གོས་དང་། གསེར་གྱི་སྐུད་པ་དང་། མུ་ཏིག་གི་སེ་མོ་དོ་དང་། མེ་ཏོག་པད་མ་དང་། ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ཨུ་ར་ག་ས་ལ་དང་། ཙན་དན་སྦྲུལ་གྱི་སྙིང་
པོ་དང་། ཤིང་ཏ་མ་ལའི་འདབ་མ་དང་། ཙན་དན་ས་མཆོག་པའི་བྱེ་མས་ལམ་དེར་བཀྲམ་པར་མངོན་པར་སྤྲུལ་ཏོ། །ལམ་དེའི་གཡས་གཡོན་གཉི་གར་རྣམ་པར་རྒྱལ་བྱེད་ཀྱི་ཁང་པ་དང་འདྲ་བ། རིན་པོ་ཆེ་སྣ་བདུན་གྱི་ཁང་བཟངས་ཀྱང་མངོན་པར་སྤྲུལ་ཏེ། ཁང་པ་དེ་ན་
འདོད་པའི་དབང་ཕྱུག་གི་ཆུང་མ་དམ་པ་དང་། སླས་དང་འདྲ་བ་དང་། ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་སྒྲོགས་ཤིང་རྩེ་དགའ་ཞིང་དགའ་དགུར་སྤྱོད་པ་དེ་འདྲ་བ་དག་དེར་སྤྲུལ་ཏོ། །བཅོམ་ལྡན་འདས་ཀྱི་དབུའི་སྟེང་གི་ནམ་མཁའ་ལ་ལྷའི་ནོར་བུ་རིན་པོ་ཆེ་ལས་བྱས་
པའི་ཚངས་པ་ཆེན་པོའི་གདུགས་ལྟ་བུའི་དཔག་ཚད་བརྒྱ་ཙམ་ལ་རིན་པོ་ཆེའི་དྲ་བའི་སྐུད་པ་དང་། མུ་ཏིག་གི་རྒྱན་ཕྲེང་གིས་ལེགས་པར་བརྒྱན་པ་མངོན་པར་སྤྲུལ་ཏེ། རྒྱན་དེ་དག་ལས་ཀྱང་ལྷ་ལས་འདས་པའི་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་གླུའི་དབྱངས་ཀྱི་སྒྲ་
འབྱུང་ངོ་། །རྩྭ་དང་། ཤིང་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པ་གང་ཅི་ཡང་རུང་སྟེ་ས་ལ་རྟེན་པ་དེ་དག་ཐམས་ཅད་ལས་ཀྱང་ལྷ་ལས་འདས་པའི་ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་ལས་བསྟོད་པའི་སྒྲ་འབྱུང་བར་གྲག་སྟེ། སྒྲ་དེ་གང་གི་
རྣར་ཐོས་པའི་སེམས་ཅན་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་བཀོད་པ་ཆེན་པོ་དེ་མཐོང་སྟེ། ཤིན་ཏུ་ངོ་མཚར་དང་
རྨད་དུ་བྱུང་བའི་ཆོས་ཐོབ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྐྱེས་བུ་དམ་པ་དེའི་སྟན་ཇི་ལྟ་བུར་བཤམ་སྙམ་མོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིན་པོ་ཆེ་ལས་བྱས་པའི་མེ་ཏོག་པད་མ་སྡོང་བུ་ནི་དངུལ། ལོ་མ་ནི་གསེར།
Vol. 66F. 268bUT4CZ5369-I1KG9192-0000/side/536
སྙིང་པོ་ནི་རིན་པོ་ཆེ་རྡོའི་སྙིང་པོ། ཟེ་བ་ནི་ནོར་བུ་རིན་པོ་ཆེ་ཚངས་པའི་འོད་ཟེར་ལས་བྱས་པ། རྒྱར་ནི་རྒྱང་གྲགས་གཅིག་ཙམ་ཡོད་པ། མེ་ཏོག་པད་མའི་ཟེ་བའི་སྟན་རྣམ་པ་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་བའི་པད་མ་བྱུང་ནས་པད་མའི་སྟེང་དེ་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པར་སྣང་ངོ་། །དེའི་སྤྱི་བོ་ལ་ཡང་ནོར་བུ་རིན་པོ་ཆེ་འདུག་པར་སྣང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་གཡོག་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པ་བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་པོ་ཆེས་བརྒྱན་པ་འབུམ་ཕྲག་མང་པོ་རྣམས་ཀྱང་རང་རང་གི་པད་མའི་ཟེ་བའི་སྟན་ལ་འཁོད་པར་སྣང་ངོ་། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་བྱམས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །གང་དག་སྔོན་དུ་འོངས་པ་ནི། །གུས་དང་ལྡན་པས་ཕྱག་བྱས་ཏེ། །ཕྱི་ནས་སྟན་ལ་འདུག་བྱེད་ན། །སྐྱེས་བུ་
དམ་པ་འདི་འོངས་ན། །བཀོད་ཆེན་དག་ཀྱང་བསྟན་གྱུར་ན། །སྟོན་ལ་ཕྱག་ཀྱང་མ་བཙལ་བར། །སྟན་ལ་འདུག་པ་ལྟ་བུར་སྣང་། །སྨན་གྱི་རྒྱལ་པོས་སྨྲས་པ། སྐྱེས་བུ་དམ་པ་འདི་ཉིད་ནི། །སངས་རྒྱས་ཆོས་ལ་རབ་གནས་མཐོང་། །རྟོག་པ་ཀུན་ལ་མི་
གནས་པས། །སེམས་ཅན་དུ་ནི་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་བྱམས་པས་སྨྲས་པ། ཡང་དག་མཐའ་ལ་གནས་པའི་ཕྱིར། །དེ་ལྟར་སེམས་ཅན་མི་མཐོང་ན། །བཀོད་པ་ཆེ་འདི་ཅི་ཕྱིར་བསྟན། །ཐེ་ཙོམ་གྱུར་པ་བཤད་པར་མཛོད། །སྨན་
གྱི་རྒྱལ་པོས་སྨྲས་པ། ཀུན་ཏུ་རྟོག་པའི་སྤྱོད་ཡུལ་ཅན། །བྱིས་པས་དོན་དམ་མི་ཤེས་ཏེ། །སེམས་ཅན་ཡོངས་སྨིན་བྱ་བའི་ཕྱིར། །འདི་ནི་དཔའ་བོའི་ཐབས་ཡིན་ནོ། །དོན་དམ་གྱིས་ནི་སྡུག་བསྔལ་བ། །དེ་དག་རབ་ཏུ་དགྲོལ་བའི་ཕྱིར། །མཁས་