Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 257Folio 273Volume 66
Vol. 66F. 273aUT4CZ5369-I1KG9192-0000/side/545
ནི་ལྟུང་བའི་རྩ་བ་གཉིས་པའོ། །གང་ཡང་ངའི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ནས། གོས་ངུར་སྨྲིག་བགོས་པ་བསླབ་པ་འཛིན་ཀྱང་རུང་། བསླབ་པ་མི་འཛིན་ཀྱང་རུང་། ཚུལ་ཁྲིམས་འཆལ་ཀྱང་རུང་། ཚུལ་ཁྲིམས་དང་ལྡན་ཡང་རུང་སྟེ་དེའི་གོས་ངུར་སྨྲིག་ དག་འཕྲོག་ཅིང་ཁྱིམ་པར་བྱེད་དམ། ལུས་ལ་ཆད་པས་གཅོད་པར་བྱེད་དམ། བཙོན་རར་འཇུག་པར་བྱེད། སྲོག་དང་འབྲལ་བར་བྱེད་པ་འདི་ནི་ལྟུང་བའི་རྩ་བ་གསུམ་པའོ། །ཡང་རྒྱལ་རིགས་གང་གིས་ཆེད་དུ་བསམས་ཏེ་མའི་སྲོག་གཅོད། ཕ་དང་བཅོམ་ལྡན་འདས་ཀྱི་ ཉན་ཐོས་དགྲ་བཅོམ་པའི་སྲོག་གཅོད་པར་བྱེད། དགེ་འདུན་འདུས་པ་འབྱེད་པར་བྱེད། ཆེད་དུ་བསམས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་བྱེད་ན། མཚམས་མེད་པའི་ལས་ལྔ་པོ་ འདི་དག་ལས་ལས་གང་ཡང་རུང་བ་ཞིག་འབྱུང་བར་བྱེད་པ་འདི་ནི་ལྟུང་བའི་རྩ་བ་བཞི་པའོ། །ཡང་རྒྱལ་རིགས་གང་རྒྱུ་མེད་པར་སྨྲ་བར་འགྱུར། འཇིག་རྟེན་ཕ་རོལ་ཡལ་བར་འདོར་བར་བྱེད། མི་དགེ་བའི་ལས་ཀྱི་ལམ་བཅུ་བླངས་ཞིང་འཇུག་པར་བྱེད། སེམས་ ཅན་མང་པོ་གཞན་དག་ཀྱང་མི་དགེ་བའི་ལས་ཀྱི་ལམ་བཅུ་ཡང་དག་པར་འཛིན་དུ་འཇུག །འདུལ་བར་བྱེད། འཇུག་པར་བྱེད། འཇོག་པར་བྱེད་པ་འདི་ནི་ལྟུང་བའི་རྩ་བ་ལྔ་པ་སྟེ། རིགས་ཀྱི་བུ་གང་ཡང་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བ་ལ་ ལྟུང་བའི་རྩ་བ་འདི་ལྔ་ལས་ལྟུང་བའི་རྩ་བ་གང་ཡང་རུང་བ་ཞིག་བྱུང་ན། རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བ་དེ་སྔོན་དགེ་བའི་རྩ་བ་བསྐྱེད་པ་དེ་ཐམས་ཅད་སྤྲུགས་པར་འགྱུར། ལྟུང་བའི་དངོས་པོར་འགྱུར་ཞིང་། ལྷ་དང་མིའི་བདེ་བ་ཐམས་ཅད་ལས་ ཕས་ཕམ་པར་འགྱུར། ངན་སོང་དུ་འགྲོ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཀླ་ཀློའི་ཡུལ་དེ་ལྟ་བུ་གཞན་དག་ཏུ་སྐྱེ་ཞིང་འབྱུང་བར་སྟོན་ཏེ། ལ་ལར་ནི་དགེ་སྦྱོང་གི་གཟུགས་དང་། ཆ་ལུགས་དང་། སྤྱོད་ལམ་དང་། ལ་ལར་ནི་བྲམ་ཟེའི་
Vol. 66F. 273bUT4CZ5369-I1KG9192-0000/side/546
གཟུགས་དང་། ཆ་ལུགས་དང་། སྤྱོད་ལམ་སྟོན་ཏོ། །གང་དང་གང་གིས་བདག་གི་སྐྱེ་བ་འབྱུང་བར་སྟོན་པ་དེ་དང་དེ་དག་ཏུ་རྒྱལ་རིགས་དེ་འདྲ་བ་དག་ལ་ཆོས་འཆད་པར་བྱེད་དེ། སྔོན་མ་བྱུང་བ། སྔན་ཆད་མ་བྱུང་བ། ཐམས་ཅད་མཁྱེན་པའི་བཤད་པ་ཟབ་མོ་ཟབ་པའི་ མདོ་སྡེ་དང་། གཟུངས་དང་། བཟོད་པ་དང་། ས་དག་འཆད་པར་བྱེད། སྟོན་པར་བྱེད་དེ། དེའི་ཕྱིར་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བ་དེ་སྔོན་གྱི་སྡིག་པ་མི་དགེ་བའི་ལས་ལ་ངོ་ཚ་བར་བྱེད། དམོད་པར་བྱེད། འཆགས་པར་བྱེད། གཏོང་བར་ བྱེད། སྤོང་བར་བྱེད་ཅིང་། དེ་སྦྱིན་པ་དང་། དུལ་བ་དང་། སྡོམ་པ་དང་། རྟུལ་བའི་སྤྲོ་བ་ཆེན་པོ་ལ་གནས་ཤིང་མཐོ་རིས་ལ་གཞོལ་བར་འགྱུར་རོ། །བྱམས་པ་བློན་པོའི་ལྟུང་བའི་རྩ་བ་ཡང་ལྔ་སྟེ། ལྔ་གང་ཞེ་ན། གང་ཡང་བློན་པོ་མཆོད་རྟེན་གྱི་རྫས་ འཕྲོག་པར་བྱེད་དམ། ཕྱོགས་བཞིའི་དགེ་འདུན་གྱི་རྫས་འཕྲོག་པར་བྱེད་པ་འདི་ནི་ལྟུང་བའི་རྩ་བ་དང་པོའོ། །གང་ཡང་གྲོང་འཇོམས་པར་བྱེད་པ་དང་། ལྗོངས་འཇོམས་པ་དང་། གྲོང་ཁྱེར་འཇོམས་པར་བྱེད་པ་འདི་ནི་ལྟུང་བའི་རྩ་བ་གཉིས་པའོ། །ཡང་བློན་ པོ་གང་ཆོས་སྤོང་བར་བྱེད་དེ། ཉན་ཐོས་ཀྱི་ངེས་པར་འབྱུང་བ་བཤད་པའམ། རང་སངས་རྒྱས་ཀྱི་ངེས་པར་འབྱུང་བ་བཤད་པའམ། ཐམས་ཅད་མཁྱེན་པའི་ངེས་པར་འབྱུང་བ་བཤད་པ་སྤོང་བར་བྱེད། འགོག་པར་བྱེད། སྦེད་པར་བྱེད་པ་འདི་ནི་ལྟུང་བའི་རྩ་བ་ གསུམ་པའོ། །ཡང་བློན་པོ་གང་བཅོམ་ལྡན་འདས་ཀྱི་ཕྱིར་རབ་ཏུ་བྱུང་བ་ལ་གཙེ་བར་བྱེད་ན། བསླབ་པ་འཛིན་ཀྱང་རུང་། མི་འཛིན་ཀྱང་རུང་། ཚུལ་ཁྲིམས་དང་ལྡན་ཡང་རུང་། མི་ལྡན་ཡང་རུང་སྟེ། དེ་དག་གི་གོས་ངུར་སྨྲིག་དག་འཕྲོག་པར་བྱེད། ཁྱིམ་པར་ བྱེད་དམ། ལུས་ལ་ཆད་པས་གཅོད་དམ། བཙོན་རར་འཇུག་པར་བྱེད་དམ། སྲོག་གཅོད་པར་བྱེད་པ་འདི་ནི་བློན་པོའི་ལྟུང་བའི་རྩ་བ་བཞི་པའོ། །ཡང་བློན་པོ་གང་མཚམས་མེད་པ་ལྔ་ལས་མཚམས་མེད་པ་གང་ཡང་རུང་བའི་ལས་བྱེད་ཅིང་སོགས་པ་འདི་ནི་ལྟུང་