Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 257Folio 275Volume 66
Vol. 66F. 275aUT4CZ5369-I1KG9192-0000/side/549
དེའི་བྱང་ཆུབ་ཀྱི་སེམས་བསླུས་ཤིང་ངན་སོང་དུ་འགྲོ་བར་འགྱུར་རོ། །དེ་བས་ན་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་བགས་ཀྱིས་གཞོལ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་བསམ་པ་དང་། བག་ ལ་ཉལ་ཐོག་མར་ཤེས་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རིམ་གྱིས་ཆོས་བཤད་པར་བྱའོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཡང་དེ་དག་གི་ཕྱིར་དེ་ལྟ་བུའི་ཡུལ་གཞན་དག་ཏུ་སྐྱེ་ཞིང་འབྱུང་བར་སྟོན་ཏེ། དེའི་ ཕྱིར་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེ་ལྟ་བུའི་ལྟུང་བའི་རྩ་བ་བྱུང་བར་གྱུར་ལ་ངན་སོང་གིས་འཇིགས་སྐྲག་ནས། དེ་དག་གལ་ཏེ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མིང་ཐོས་ནས་ལྟུང་བ་དེ་དག་བཤགས་པའི་ཕྱིར་མཐོང་བར་འདོད་ན། དེས་ཐོ་རངས་ ཀྱི་ཐུན་ལ་ཨ་ག་རུའམ། རྒྱ་སྤོས་སམ། བདུག་པས་བདུགས་ནས་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མིང་བརྗོད་པར་བྱའོ། །དེའི་སྐལ་བ་ཇི་ལྟ་བ་བཞིན་དུ་རིགས་ཀྱི་བུ་དེས་སེམས་ཅན་དེ་མཐོང་ནས་དེ་ལྟར་འདི་ལྟ་བུའི་གཟུགས་སུ་སྟོན་ཏེ། ལ་ལའི་མདུན་དུ་ནི་ཐ་མལ་པར་འདུག་སྟེ་ཆོས་འཆད་དོ། །ལ་ལའི་མདུན་དུ་ནི་བྲམ་ཟེའི་གཟུགས་ཀྱིས། ལ་ལའི་མདུན་དུ་ནི་བུ་མོའི་གཟུགས་ཀྱི་བར་དུ་འདུག་སྟེ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེའི་ལྟུང་བའི་རྩ་བ་ཇི་ལྟར་བྱུང་བ་དེ་དག་འཆགས་སུ་འཇུག་ གོ། །བླ་ན་མེད་པ་ཐེག་པ་ཆེན་པོའི་སྤྱོད་པ་ཟབ་པ་ཐབས་མཁས་པ་ཡང་དེ་ལ་སྟོན་པར་བྱེད་དོ། །ཏིང་ངེ་འཛིན་དང་། བཟོད་པ་དང་། གཟུངས་དང་། སའི་བར་དུ་ཡང་འཇོག་པར་བྱེད་དོ། །དེའི་ཕྱིར་ངན་སོང་ཐམས་ཅད་ལས་ཡོངས་སུ་ཐར་ཅིང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་ཏེ། དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྡོ་རྗེ་བཞིན་དུ་མཐུ་ཆེ་ཞིང་རྟུལ་བ་བརྟན་པར་འགྱུར། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །གལ་ཏེ་
Vol. 66F. 275bUT4CZ5369-I1KG9192-0000/side/550
དེས་བདག་ཉིད་མདུན་དུ་མངོན་སུམ་དུ་མ་བསྟན་ན་བྱང་ཆུབ་སེམས་དཔའ་དེས་སྐྱ་རེངས་འབྱུང་བའི་དུས་ཀྱི་ཚེ་ལངས་ཏེ། སྐྱ་རེངས་ལ་གསོལ་བ་གདབ་པར་བྱ་སྟེ། འདི་སྐད་དུ་བརྗོད་པར་བྱའོ། །སྐྱ་རེངས་སྐྱ་རེངས་ཐུགས་རྗེ་ཆེན་པོ་དང་ལྡན་པ། སྐྱ་རེངས་ཁྱོད་འཛམ་བུའི་ གླིང་འདིར་ཤར་མ་ཐག་ཏུ་བདག་ལ་ཐུགས་རྗེས་དགབ་པར་མཛོད་ཅིག །ནམ་མཁའི་སྙིང་པོ་ཐུགས་རྗེ་ཆེན་པོ་ལ་བདག་གི་ཚིག་གིས་གསུངས་ཏེ། ཅི་ནས་ཀྱང་དེ་དག་གི་རྨི་ལམ་དུ་སྟོན་ཅིང་དེའི་སླད་དུ་བདག་ལྟུང་བའི་རྩ་བ་འཆགས་པར་འགྱུར་བ་དང་། འཕགས་ པའི་ཐེག་པ་ཆེན་པོ་ལས་ཐབས་དང་ལྡན་པའི་ཡེ་ཤེས་ཀྱི་མིག་ཆེན་པོ་ཐོབ་པར་འགྱུར་བར་མཛོད་ཅེས་བྱས་ཏེ། དེས་དེའི་ཚེ་མལ་དུ་གཉིད་ལོག་པར་བྱའོ། །སྐྱ་རེངས་ཤར་མ་ཐག་ཏུ་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་བྱང་ཆུབ་སེམས་དཔའ་ལས་ དང་པོ་པ་ལྟུང་བ་བྱུང་བ་དེའི་རྨི་ལམ་དུ་སྟོན་པར་བྱེད་དེ། ཡེ་ཤེས་ཀྱི་ཐབས་ཆེན་པོས་དེའི་ལྟུང་བའི་རྩ་བ་ཡང་འཆགས་སུ་འཇུག་གོ། །ཐབས་དང་ལྡན་པའི་ཡེ་ཤེས་ཀྱང་སྟོན་པར་བྱེད་དེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེ་དེ་ཉིད་དུ་བྱང་ཆུབ་ཀྱི་སེམས་ མི་བརྗེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །ཐེག་པ་ཆེན་པོ་ལ་ཡང་ཤིན་ཏུ་གནས་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་མྱུར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དག་ལ་ལ་ཞིག་ལ་ཁྱོད་ཀྱིས་ ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་མི་ནུས། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱིས། ཁྱོད་མྱུར་དུ་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་བསྐྱེད་ཅིག་དང་། དེའི་ཕྱིར་ཁྱོད་མྱུར་དུ་འཁོར་ བ་ལས་ངེས་པར་འབྱུང་བར་འགྱུར་རོ་ཞེས་ཇི་ལྟར་སྔར་བཤད་པའི་བར་དུ་དེ་སྐད་ཟེར་ན་དེ་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལྟུང་བའི་རྩ་བ་གཉིས་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལ་ལ་ཞིག་ལ་ཀྱེ་ཁྱོད་ཀྱི་སོ་སོར་ཐར་པའི་འདུལ་བ་དང་།