Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 263Folio 132Volume 67
Vol. 67F. 132aUT4CZ5369-I1KG9193-0000/side/263
པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་མི་རྒྱ་བ་འདི་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་ཡོངས་སུ་དག་པའོ། །རིགས་ཀྱི་བུ་དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་དང་། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་སྔ་དྲོའི་དུས་གཅིག་
གིས་ཀྱང་ཚུལ་ཁྲིམས་བསྲུངས་སོ། །ཚུལ་ཁྲིམས་བསྒོམས་སོ་སྦྱིན་པ་བྱིན་ནོ། །བསམ་གཏན་ལ་བསམ་གཏན་དུ་བྱེད་དོ། །བརྩོན་འགྲུས་བརྩམས་སོ། །བཟོད་པ་བསྒོམས་སོ། །ཤེས་རབ་ཀྱི་ཡོན་ཏན་བརྩམས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བསྐལ་པ་བརྒྱ་སྟོང་དུའང་ཕ་
རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པས་སྤྱད་པ་སྤྱོད་པ་ཡང་མ་ཡིན་ནོ། །རིགས་ཀྱི་བུ་དེ་ཅིའི་ཕྱིར་ཞེ་ན། གང་ཡང་ཉོན་མོངས་པ་དང་། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་ཐམས་ཅད་ཀྱི་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ས་བོན་བསྐྱེད་དོ། །ཡང་རྙོག་པ་ལྔའི་སངས་རྒྱས་
ཀྱི་ཞིང་དེར་འགྲོ་ཞིང་འདིར་དེ་ཙམ་གྱི་བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པར་གནས་སོ། །གང་དེ་ལྟ་བུའི་ཡེ་ཤེས་སྣང་བ་ཐོབ་པ་དེ་ཐམས་ཅད་ཡུལ་སྨྲ་བ་རྣམ་པར་དཔྱོད་པའི་ཡེ་ཤེས་གཡོ་བ་མེད་པར་འགྱུར་རོ། །འཇིག་རྟེན་
གྱི་ཆོས་རྣམས་ལས་འཕགས་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཞིང་ལྟ་བ་སྣང་བར་འགྱུར་རོ། །སེམས་ཅན་གྱི་སྤྱོད་པ་བརྗོད་དུ་མེད་པ་མངོན་པར་ཤེས་པའི་ཡེ་ཤེས་ལ་མཁས་པར་འགྱུར་རོ། །སེམས་ཅན་ལུས་མ་རུངས་པ་དང་། མི་དགེ་བའི་རྩ་བ་རྣམས་དང་ལྷན་
ཅིག་ཏུ་འགྲོགས་པ་རྣམས་ལ་ཡོངས་སུ་གཏོང་བ་ཡང་མེད། སེམས་ཅན་ལུས་ཉོན་མོངས་པས་དཀྲུགས་པ་རྣམས་ཅི་འདྲ་བར་མཐོང་བ་ལ་སེམས་ཀྱི་ནད་ཅི་ཕན་དུ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དེ་འདྲ་བའི་སེམས་ཀྱི་སྨན་གྱི་ཡོ་བྱད་རབ་ཏུ་སྟོན་པར་བྱེད་དོ། །གང་གི་ཉོན་མོངས་པས་
སེམས་ཅན་ངན་དུ་སྤྱོད་པ་དང་ལྡན་པར་མཐོང་བའི་ཉོན་མོངས་པ་དེ་དག་བདག་གིས་སྤངས་ཏེ། སེམས་ཅན་དེ་ལ་སྙིང་རྗེ་ཆེན་པོ་སྐྱེད་དོ། །ཉོན་མོངས་པ་དེ་དག་སྤངས་པའི་ཕྱིར་བརྩོན་པས་སེམས་ཅན་རྣམས་འདུལ་བར་བྱེད་དོ། །ཇི་ལྟར་ཉོན་མོངས་པ་ལས་ཡོངས་སུ་ཐར་བར་བྱ་ཞེས་
Vol. 67F. 132bUT4CZ5369-I1KG9193-0000/side/264
འདོད་ཆགས་སྤྱོད་པ་རྣམས་མི་མཛེས་པ་ལ་རབ་ཏུ་སྦྱོར་བས་རབ་ཏུ་ཞི་བར་བྱེད་དོ། །ཞེ་སྡང་སྤྱོད་པ་རྣམས་བྱམས་པར་རབ་ཏུ་སྦྱོར་བ་དང་། གཏི་མུག་སྤྱོད་པ་རྣམས་རྟེན་ཅིང་འབྲེལ་པར་སྦྱོར་བ་དང་། སྐལ་བ་དང་བཅས་པར་སྤྱོད་པ་རྣམས་དབུགས་ཕྱི་ནང་དུ་རྒྱུ་བ་དྲན་པར་རབ་ཏུ་སྦྱོར་བ་དང་།
འདོད་ཆགས་སྣྲེལ་ཞིར་སྤྱོད་པ་རྣམས་བྱམས་པ་དང་། མི་དགའ་བར་རབ་ཏུ་སྦྱོར་བ་དང་། ཞེ་སྡང་སྣྲེལ་ཞིར་སྤྱོད་པ་རྣམས་མི་མཛེས་པ་དང་། བྱམས་པར་རབ་ཏུ་སྦྱོར་བ་དང་། གཏི་མུག་སྣྲེལ་ཞིར་སྤྱོད་པ་རྣམས་མི་མཛེས་པ་དང་། རྟེན་ཅིང་འབྲེལ་བར་རབ་ཏུ་སྦྱོར་བ་དང་། ལྟ་བ་
ངན་པ་ཐོབ་པ་རྣམས་སྟོང་པ་ཉིད་རབ་ཏུ་ཐོབ་པ་དང་། རྐྱེན་སྟོབས་ཅན་རྣམས་ལ་རྗེས་སུ་སྲུང་བ་དང་ལྡན་པ་རབ་ཏུ་སྦྱོར་བ་དང་། རབ་ཏུ་གཟུང་དུ་མེད་ཅིང་དངོས་པོ་མེད་པ་དང་། སྒྲོག་པ་མེད་པར་ཤེས་པ་རྣམས་ཟབ་མོ་རྣམ་པར་ཞི་བར་རབ་ཏུ་སྦྱོར་བ་དང་། སྤྲོས་པར་ཤེས་པ་རྣམས་
ལྷག་མཐོང་སྤྲོས་པའི་གཏམ་རབ་ཏུ་སྦྱོར་བས་ཞི་བར་བྱེད་དོ། །ངེས་པར་འདོད་པ་རྣམས་རིམ་གྱིས་སྨྲ་བ་དང་། ཚིག་ཟད་པ་རྣམས་བསྡུ་བ་རབ་ཏུ་སྦྱོར་ཞིང་ཞི་གནས་དང་ལྷག་མཐོང་དུ་རབ་ཏུ་སྦྱོར་བ་དང་། ལྷག་མཐོང་ལ་གུས་པ་ཅན་རྣམས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་
རབ་ཏུ་སྦྱོར་བ་དང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གུས་པ་ཅན་རྣམས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་རབ་ཏུ་སྦྱོར་བ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་གུས་པ་ཅན་རྣམས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་རབ་ཏུ་སྦྱོར་བ་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ལ་གུས་པ་ཅན་
རྣམས་མཚན་མ་མེད་པར་རབ་ཏུ་སྦྱོར་བ་དང་། སྨོན་ལམ་ལ་གུས་པ་ཅན་རྣམས་སྨོན་པ་མེད་པར་སྨྲ་བ་རབ་ཏུ་སྦྱོར་བ་དང་། ཚུལ་ཁྲིམས་ལ་གུས་པ་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་ཐར་བར་རབ་ཏུ་སྦྱོར་བ་དང་། ཐོས་པ་ལ་ང་རྒྱལ་ཅན་རྣམས་སྲེད་པ་ཐམས་ཅད་འབྱུང་
བ་མེད་པར་རབ་ཏུ་སྦྱོར་བ་དང་། དགོན་པ་པ་ལ་ང་རྒྱལ་མངོན་པར་བརྩོན་པ་རྣམས་དང་། སྦྱངས་པའི་ཡོན་ཏན་ཅན་ལ་ང་རྒྱལ་མངོན་པར་བརྩོན་པ་རྣམས་ཚད་མེད་པར་རབ་ཏུ་སྦྱོར་བ་དང་། ཕུང་པོ་ལ་རྟག་པར་འདུ་ཤེས་པ་རྣམས་འབྱུང་བ་དང་ཟད་པར་རབ་ཏུ་སྦྱོར་བ་དང་། ཁམས་