Derge Tanjur - བསྟན་འགྱུར། ༼སྡེ་དགེ་པར་ཕུད༽

Toh 3808Folio 30Volume 93
Vol. 93F. 30aUT23703-1409-0000/side/59
སྲོག་ཆགས་འབྱུང་པོ་རྣམས་ལ་རྣམ་པར་མི་འཚེ་བ་ནི་ལེགས་པའོ་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་སྒོམ་པའོ། །དབང་པོ་བསྡམས་པའི་འབྲས་བུ་ནི། དམུས་ལོང་དང་། འོན་པ་དང་། ལྐུགས་པ་ལ་སོགས་པ་མེད་པར་གྱུར་པའོ། །ཏིང་ངེ་ འཛིན་ལ་སོགས་པའི་འབྲས་བུ་ནི་སྨྱོན་པ་རྣམས་ཀྱང་དྲན་པ་ཐོབ་པར་གྱུར་ཏོ། །སེམས་འཁྲུགས་པ་རྣམས་ཀྱང་འཁྲུག་པ་མེད་པའི་སེམས་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པའོ། །གསོ་སྦྱོང་ལ་སོགས་པའི་སྡོམ་པའི་འབྲས་བུ་ནི་གོས་མེད་པ་རྣམས་ཀྱང་གོས་ཐོབ་ པར་གྱུར་ཏོ། །དབུལ་པོ་རྣམས་ཀྱང་ནོར་ཐོབ་པར་གྱུར་ཏོ། །བཀྲེས་པ་རྣམས་ཀྱང་ཟས་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པའོ། །ཚངས་པར་སྤྱོད་པ་ལ་གནས་པའི་འབྲས་བུ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྤངས་ནས་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་ ཏེ། དྲི་ང་བ་མེད་པ་ལ་སོགས་པའོ། །བྱམས་པ་ལ་སོགས་པ་བསྒོམས་པའི་འབྲས་བུ་ནི་ཕ་མ་དང་མཚུངས་པའི་སེམས་ལ་སོགས་པ་དང་། ཚོགས་པའི་བདེ་བ་ཐོབ་པ་དང་། ཤེས་རབ་ཐོབ་པའོ། །འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་ཞེས་བྱ་བ་ལ། འོད་ནི་སྣང་བ་དང་། འབར་བའོ། །སྐུ་མདོག་ནི་པགས་པ་མཛེས་པའོ། །གཟི་བརྗིད་ནི་མཐུའོ། །དཔལ་ནི་དབྱིབས་ལ་སོགས་པ་སྡུག་པའོ། །ཟིལ་གྱིས་མནན་ཏེ་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེའོ་ཞེས་བྱ་བ་ཅིའི་ཕྱིར་བརྗོད་ཅེ་ན། དེ་བཞིན་གཤེགས་པས་དེའི་ཚེ་ ཆོས་བཤད་པ་ལ་གུས་པ་བསྐྱེད་པའི་ཕྱིར་དེ་ལྟ་བུའི་རྒྱ་ཆེན་པོ་བསྟན་དུ་སྙམ་དུ། དེའི་ཚེ་སེམས་ཅན་ཐམས་ཅད་ཀྱི་བློ་དེ་ལྟ་བུ་བསྐྱེད་པའི་ཕྱིར་དེ་སྐད་བརྗོད་དོ་ཞེས་དགོངས་པའོ། །འོད་ཀྱིས་ཟིལ་གྱིས་མནན་པས་མཛེས་སོ། །སྐུ་མདོག་གིས་ཟིལ་གྱིས་མནན་པས་ལྷམ་ མེའོ། །གཟི་བརྗིད་ཀྱིས་ཟིལ་གྱིས་མནན་པས་ལྷན་ནེའོ། །དཔལ་གྱིས་ཟིལ་གྱིས་མནན་པས་ལྷང་ངེའོ། །འོད་ཀྱིས་ནི་ཚངས་པ་ཟིལ་གྱིས་མནན་ཏེ། དེ་དག་འོད་སྙེམས་པའི་ཕྱིར་རོ། །སྐུ་མདོག་གིས་ནི་ལྷ་རྣམས་ཟིལ་གྱིས་མནན་ཏོ། །གཟི་བརྗིད་ཀྱིས་ནི་བདུད་ཀྱི་
Vol. 93F. 30bUT23703-1409-0000/side/60
རིས་དང་མུ་སྟེགས་ཅན་རྣམས་ཟིལ་གྱིས་མནན་ཏོ། །དཔལ་གྱིས་ནི་མི་རྣམས་ཟིལ་གྱིས་མནན་ཏོ། །དེའི་འོག་ཏུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་ཏེ། དེ་ཡང་སྤྲུལ་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་ཏོ། །དེ་དང་མཐུན་པར་སྐུ་ཐ་མལ་པ་བསྟན་ཏོ་ཞེས་བྱ་བ་ལ། འཁོར་ཡུག་བྱེ་བ་ཕྲག་ བརྒྱའི་ནང་འདི་ན་ཚངས་པའམ། ལྷ་འམ། བདུད་དམ། མི་རྣམས་གང་ཡང་རུང་བའི་མདུན་ན་དེ་བཞིན་གཤེགས་པ་མི་སྣང་བའི་སེམས་ཅན་སྐལ་བ་དང་མི་ལྡན་པར་གྱུར་པ་གཅིག་ཀྱང་མེད་དེ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་མཐུན་པ་ཞེས་བྱ་བ་ནི་བག་ཕེབས་པར་བྱ་བའི་ ཕྱིར་དེ་དང་དེ་དག་གི་མདུན་དུ་དེ་དག་གི་ལུས་ཀྱི་ཚད་བཞིན་དུ་སྣང་བར་གྱུར་ཏོ། །སྐུ་ཐ་མལ་པ་ཞེས་བྱ་བ་ནི་རང་བཞིན་གྱི་སྐུ་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་གྱི་སྐུ་ཞེས་བྱ་བ་འདི་ཡང་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པའོ། །བལྟ་བས་ ཆོག་མི་ཤེས་པའི་སྐུ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། མི་དང་ལྷ་རྣམས་ཀྱི་མདོག་དང་ཡང་མི་འདྲ་ལ། འཇིག་རྟེན་ན་ཡང་དེ་དང་འདྲ་བའི་དངོས་པོ་ཅུང་ཟད་ཀྱང་མེད་པ་དེ་ལྟ་བུའི་སྐུ་མདོག་དེ་བཞིན་གཤེགས་པའི་རང་བཞིན་གྱི་སྐུ་ལ་མངའ་བའོ། །མདོག་ཏུ་སྣང་ཡང་བདག་ ཅག་གི་ལུས་ཀྱི་མདོག་ལྟ་བུ་ནི་མ་ཡིན་ནོ་ཞེས་ཐམས་ཅད་ཀྱིས་ཤེས་ཤིང་། དེ་བཞིན་དུ་ཤ་དང་རུས་པ་དང་། སྐྲ་དང་སེན་མོ་རྣམས་ཀྱང་ཡོད་ལ། སེམས་ཅན་གཞན་ཐམས་ཅད་དང་འདྲ་བ་ནི་མ་ཡིན་ཏེ། དེ་ལྟ་དེ་ལྟར་སྣང་ཡང་། འཇིག་རྟེན་པ་ཐམས་ཅད་དོགས་ པ་ཡང་སྐྱེའོ། །དེ་ལྟར་ན་སྐུ་དེ་སྐུའི་བདག་ཉིད་དུ་ཡོད་ལ་དེ་ལྟར་སྣང་ཞིང་འཇིག་རྟེན་པ་དག་དོགས་པར་གྱུར་ཀྱང་དངོས་པོ་ཅི་ཡིན་པ་སུས་ཀྱང་མི་ཤེས་སོ། །དེ་ལྟར་དབྱིབས་དང་གཟུགས་ལ་སོགས་པ་ཐམས་ཅད་ཀྱི་ལུས་དང་འདྲ་ཡང་རང་བཞིན་མི་ཤེས་ཤིང་། ཤིན་ཏུ་ འབར་བའི་ཤིན་ཏུ་རྒྱ་ཆེ་བའི་སྐུ་ནི་བལྟ་བས་ཆོག་མི་ཤེས་པ་ཞེས་བྱ་སྟེ། ཡང་ན་རྡོ་རྗེའི་རང་བཞིན་ནམ། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་ལ་སོགས་པའི་རང་བཞིན་ནམ། མིའི་ལུས་སུ་གཏོགས་པ་འམ། ལྷ་དང་ཚངས་པའི་ལུས་སུ་གཏོགས་