Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 44-31Folio 10Volume 36
Vol. 36F. 10aUT4CZ5369-I1KG9162-0000/side/19
པར་བྱ་བའི་ཕྱིར་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་འགྱུར་བར་ཤོག་ཤིག །སེམས་ཅན་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་འདི་དག་མ་ལུས་པར་རྐྱེན་དུ་འགྱུར་བར་ཤོག་ཤིག །ཅི་ནས་ཀྱང་བདག་
མེད་པའི་ཆོས་ཀྱི་དབྱིངས་ལས་ཆོས་ཐམས་ཅད་འདའ་བར་མི་འགྱུར་བར་དགེ་བའི་རྩ་བ་འདི་དག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་ཡོངས་སུ་སྤྱོད་པས་ཡང་དག་པར་ཟིན་པར་གྱུར་ཅིག །ཆགས་པ་མེད་པ་ལ་འཇུག་པའི་ཕྱིར་ཆོས་ཐམས་ཅད་
ལ་ཡང་དག་པར་ཟིན་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཐམས་ཅད་དགེ་བའི་རྩ་བ་ཐམས་ཅད་ཀྱི་གྲོགས་གཅིག་ཏུ་འཐུན་པ་ཡང་དག་པར་ཟིན་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྨོན་ལམ་ཡོངས་སུ་རྫོགས་པས་ཡང་དག་པར་ཟིན་པར་གྱུར་ཅིག
བསྒྲིབས་པ་མེད་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཆོས་སྣང་བ་ཐམས་ཅད་ཡང་དག་པར་ཟིན་པར་གྱུར་ཅིག་མཐའ་དང་དབུས་མྱེད་པ་ལ་མཁས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པས་ཡང་དག་པར་ཟིན་པར་གྱུར་ཅིག
སེམས་ཚད་མེད་པས་ཡོངས་སུ་རྒྱས་པར་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་སྟོབས་དང་མི་བསྙེངས་པས་ཡང་དག་པར་ཟིན་པར་གྱུར་ཅིག །མི་གཉིས་པའི་སྣང་བ་གྲུབ་པས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་སྤོབས་པ་དང་། གཟུངས་ཀྱི་སྒོར་འཇུག་
པས་ཡང་དག་པར་ཟིན་པར་གྱུར་ཅིག །དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཆེན་པོ་ཤིན་ཏུ་བསྟན་པ་བསྒྲུབ་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ལ་མཁས་པས་ཡང་དག་པར་ཟིན་པར་གྱུར་ཅིག །སྐྱེ་བ་དང་རྣམ་པར་འཚང་
རྒྱ་བ་དང་། འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་བ་དང་། ཉེ་བར་གཤེགས་པ་བསྟན་པ་དང་། མཆོད་པ་དང་རིམ་གྲོ་དང་། སེམས་ཅན་གདུལ་བ་ལ་འཇུག་པའི་ཕྱིར། དེ་བཞིན་གཤེགས་པ་དུས་གསུམ་དུ་བྱོན་པ་མཐའ་དང་དབུས་མེད་པ་ཐམས་ཅད་
Vol. 36F. 10bUT4CZ5369-I1KG9162-0000/side/20
མ་ལུས་པའི་སྐྱེ་བ་དང་། སངས་རྒྱས་ཀྱི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བས་ཡང་དག་པར་ཟིན་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་བླ་ན་མྱེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པས་ཟིན་པར་གྱུར་ཅིག །བསྐལ་པ་འབྱམ་ཀླས་པ་
མཐའ་དང་དབུས་མེད་པ་ཐམས་ཅད་མ་ལུས་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་འབྲེལ་བ་རྒྱུན་མི་འཆད་པས་ཡང་དག་པར་ཟིན་པར་གྱུར་ཅིག །འཇིག་རྟེན་དུ་སྐྱེ་བའི་ཡུལ་ཐམས་ཅད་མ་ལུས་པར་ཐམས་ཅད་དུ་སྐྱེ་བ་ཤིན་ཏུ་བསྟན་པས་ཡང་དག་པར་ཟིན་པར་གྱུར་ཅིག
སེམས་ཅན་གྱི་ཁམས་ཐམས་ཅད་མ་ལུས་པར་བྱང་ཆུབ་སེམས་དཔའི་ཀུན་ཏུ་བཟང་པོའི་སྤྱོད་པས་ཡོངས་སུ་སྨྱིན་པར་བྱ་བས་ཡང་དག་པར་ཟིན་པར་གྱུར་ཅིག །སེམས་ཅན་གྱི་ཉོན་མོངས་པ་དང་། བག་ལ་ཉལ་བ་དང་། བག་ཆགས་ཐམས་ཅད་མ་ལུས་པ་རྙོག་
པ་མེད་པའི་ཚུལ་གྱིས་ཡང་དག་པར་ཟིན་པར་གྱུར་ཅིག །སེམས་ཅན་གྱི་དབང་པོ་འབྱམ་ཀླས་པ་ཐམས་ཅད་མ་ལུས་པར་མཐའ་དང་དབུས་མེད་པ་ལ་འཇུག་པས་ཡང་དག་པར་ཟིན་པར་གྱུར་ཅིག །འགྲོ་བ་ཐམས་ཅད་ཀྱི་མོས་པ་དང་། ལྷག་པའི་བསམ་པ་ཐམས་
ཅད་མ་ལུས་པར་ཉོན་མོངས་པ་མེད་ཅིང་ཡོངས་སུ་དག་པས་ཡང་དག་པར་ཟིན་པར་གྱུར་ཅིག །འགྲོ་བ་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་ཐམས་ཅད་མ་ལུས་པར་དུས་ལ་ཇི་ལྟར་འབབ་པ་བཞིན་དུ་ཀུན་ཏུ་བསྟན་པས་ཡང་དག་པར་ཟིན་པར་
གྱུར་ཅིག །སེམས་ཅན་ཐམས་ཅད་མ་ལུས་པར་འགྲོ་བ་ཐམས་ཅད་སྤྲུལ་པ་ལྟ་བུར་ཁོང་དུ་ཆུད་པས་ཡང་དག་པར་ཟིན་པར་གྱུར་ཅིག །དེ་བཞིན་གཤེགས་པའི་རགས་ཐམས་ཅད་མ་ལུས་པར་སངས་རྒྱས་བྱུང་བ་ཐམས་ཅད་ཀྱི་བསྟན་པ་བཟུང་ཞིང་བསྲུང་བས་
ཡང་དག་པར་ཟིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་ཅིང་། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་དམྱིགས་པ་མེད་པའི་ཚུལ་གྱིས་ཡོངས་སུ་བསྔོ་སྟེ། ལས་ཀྱིས་ནི་རྣམ་པར་སྨྱིན་པ་ལ་ཡོངས་སུ་རྟོག་པར་མི་བྱེད། རྣམ་