Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 44-31Folio 17Volume 36
Vol. 36F. 17aUT4CZ5369-I1KG9162-0000/side/33
རབ་ཏུ་ཐོབ་པ། མུན་པ་མྱེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྡན་པ། ཆོས་ཀྱི་དབྱིངས་ཐམས་ཅད་ལུས་གཅིག་གིས་ཁྱབ་པར་བྱེད་པའི་རྣམ་པར་འཕྲུལ་པ་ཆེན་པོ་ཡང་དག་པར་སྟོན་པ། ཡེ་ཤེས་ཆེན་པོ་ཁོང་དུ་ཆུད་པས་ཐམས་
ཅད་མཁྱེན་པ་ཉིད་ཀྱི་སྤྱོད་ཡུལ་དང་ལྡན་པ། ཆོས་ཀྱི་དབྱིངས་མཐའ་ཡས་པའི་ཚིག་རབ་ཏུ་དབྱེ་བ། མངོན་པར་བསྒྲུབ་པ་ལ་མཁས་པ། ཞིང་ཐམས་ཅད་ཀྱི་རྗེས་སུ་སོང་བ་གནས་མེད་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་གནས་པ། ནམ་མཁའི་དབྱིངས་སུ་
མོས་པས་མྱི་གནས་པའི་ཡིད་དང་ལྡན་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྣམ་པར་ཕྱེ་བའི་བསམ་པ་ཅན། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་མཉམ་པར་གཞོལ་བ་ལ་མཁས་པ། ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་གྱི་སངས་རྒྱས་ཀྱི་
ཞིང་ལ་གནས་པ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཤེས་པར་བྱ་བ་ལ་མཁས་པ། ཆོས་གྲངས་མྱེད་པ་བསྟན་ཅིང་བཤད་པ་ལ་འཇིགས་པ་མྱེད་པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྗེས་སུ་སོང་བ།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ལ་གནས་པ། སངས་རྒྱས་ཐམས་ཅད་ཀྱིས་ཆོས་བསྟན་པ་ཡོངས་སུ་འཛིན་པ། སྒྲ་བསམ་གྱིས་མི་ཁྱབ་པ་རྣམ་པར་དབྱེ་ཞིང་མངོན་པར་བསྒྲུབ་པ་ལ་མཁས་པ། གྲངས་མྱེད་པའི་སྐད་རྣམ་པ་ཐ་དད་པ་ཤེས་
པ། བླ་ན་མྱེད་པའི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་ས་ཁོང་དུ་ཆུད་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་ཆགས་པ་མྱེད་པར་སྤྱོད་པ། ཉོན་མོངས་པ་མྱེད་པའི་ཆོས་ཀྱི་ཚུལ་ལ་ཆོས་སུ་རྟོགས་པས་གནས་པ་མྱེད་པ། སེམས་བསྐྱེད་པ་
ཡངས་པ་ཤིན་ཏུ་རྣམ་པར་བསྒོམས་པ་རབ་ཏུ་ཐོབ་པ། ཡེ་ཤེས་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུད་ལ་མཁས་པ། དོན་གཅིག་ནས་གཅིག་ཏུ་བསྟན་པ་རབ་ཏུ་གྲུབ་པ། དེ་ལྟ་བུ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཡོངས་སུ་བརྒྱན་པར་གྱུར་
Vol. 36F. 17bUT4CZ5369-I1KG9162-0000/side/34
ཅིག། །ཡོངས་སུ་གང་བར་གྱུར་ཅིག །རྣམ་པར་མཛེས་པར་གྱུར་ཅིག །རྗེས་སུ་དོང་བར་གྱུར་ཅིག །ཀུན་ཏུ་གནས་པར་གྱུར་ཅིག །བསྒོམས་པར་གྱུར་ཅིག །ཤིན་ཏུ་བསྒོམས་པར་གྱུར་ཅིག །སྦྱངས་པར་གྱུར་ཅིག །ཤིན་ཏུ་སྦྱངས་པར་གྱུར་ཅིག
ཞི་བར་བྱེད་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་རེ་རེའི་ཕྱོགས་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་ཚད་མྱེད་པ་གྲངས་མྱེད་པ་བསམ་གྱིས་མི་ཁྱབ་པ། གཞལ་དུ་མེད་པ། མུ་མྱེད་པ། ས་མཚམས་མྱེད་པ། དཔག་ཏུ་མྱེད་པ། བརྗོད་དུ་མེད་པ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པས་ཡོངས་སུ་
རྒྱས་པར་གྱུར་ཅིག །ཕྱོགས་གཅིག་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ། མ་ལུས་པ་ལུས་པ་མྱེད་པ། ལྷག་མ་མྱེད་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་འདི་ལྟ་བུའི་ཚུལ་ཅན་གྱིས་ཡོངས་སུ་རྒྱས་
ཤིང་ཡོངས་སུ་གང་བར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་ཡོངས་སུ་བསྔོ་སྟེ། ཚུལ་དེ་ལྟ་བུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། ཚུལ་དེ་ལྟ་བུས་འབྱུང་བ་ཐམས་ཅད་དང་། ཚུལ་དེ་ལྟ་བུས་སེམས་ཅན་གྱི་ཁམས་
ཐམས་ཅད་རྣམ་པར་དག་པ་དང་། ཚུལ་དེ་ལྟ་བུས་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་དང་། ཚུལ་དེ་ལྟ་བུས་སྨོན་ལམ་ཐམས་ཅད་དང་། ཚུལ་དེ་ལྟ་བུས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་སྐྱེས་པ་མཐོང་བ་དང་། མྱི་འབྲལ་བ་དང་། ཚུལ་དེ་ལྟ་བུས་དེ་
བཞིན་གཤེགས་པའི་སྐུ་ཚེ་ཚད་མྱེད་པ་དང་། ཚུལ་དེ་ལྟ་བུས་ཐོགས་པ་མྱེད་པར། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ། ཕྱིར་མྱི་ལྡོག་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཞིང་ཐམས་
ཅད་ཀྱི་རྗེས་སུ་སོང་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་སྐྱེ་བ་ཐམས་ཅད་ཀྱིས་མ་ལུས་པར་གང་བར་བྱས་པའི་ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་