Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 44-31Folio 4Volume 36
Vol. 36F. 4aUT4CZ5369-I1KG9162-0000/side/7
ལ་མངོན་པར་ཞེན་པ་མྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདམས་ངག་འཐུན་པར་འཛིན་པས། ཐམས་ཅད་མཁྱེན་པ་ཉིད་དུ་མ་བསྔོས་པ་གང་ཡང་མེད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་ན་གནས་པའི་ཚེ། དགེ་བའི་རྩ་བ་དེ་
དག་ཡང་དག་པ་སྡུད་ཅིང་སྒྲུབ་བོ། །ཡོངས་སུ་བསྔོ་སྟེ་དེ་ལྟར་དེ་ཆུང་ངུ་ན་ཁྱིའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། དེ་མ་ཡིན་པའི་བྱོལ་སོང་གི་རིགས་སུ་གཏོགས་པ་ལ་ཟས་སྣ་འགའ་འམ། ཁམ་འགའ་ཡོངས་སུ་གཏོང་བ་བྱེད་ཀྱང་དེ་ཐམས་ཅད་དེ་དག་ཉིད་ལ་ཕན་པ་དང་། དེ་དག་ཉིད་ལ་
བདེ་བ་དང་། བྱོལ་སོང་གི་སྐྱེ་གནས་དེ་དག་སྡུག་བསྔལ་གྱི་རྒྱ་མཚོ་དེ་དག་དང་། སྡུག་བསྔལ་གྱི་རྒྱུད་དེ་དག་དང་། སྡུག་བསྔལ་གྱི་ཕུང་པོ་དེ་དག་དང་། སྡུག་བསྔལ་གྱི་ཚོར་བ་དེ་དག་དང་། སྡུག་བསྔལ་གྱི་བསྩགས་པ་དེ་དག་དང་། སྡུག་བསྔལ་མངོན་པར་འདུ་བྱེད་པ་དེ་དག་
དང་། སྡུག་བསྔལ་གྱི་གཏེར་དེ་དག་དང་། སྡུག་བསྔལ་གྱི་རྩ་བ་དེ་དག་དང་། སྡུག་བསྔལ་གྱི་སྐྱེ་མཆེད་དེ་དག་ནས་སེམས་ཅན་དེ་དག་ཡོངས་སུ་སྒྲོལ་ཞིང་རྣམ་པར་བཟློག་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་ལ་དམྱིགས་པས་སེམས་ཅན་ཐམས་ཅད་མངོན་དུ་བྱེད་དོ། །དམྱིགས་པར་
བྱེད་དོ། ཡིད་ལ་བྱེད་དོ། །དགེ་བའི་རྩ་བ་དེ་དང་དེ་དག་ལ་ཡང་སྔོན་དུ་འགྲོ་བར་བྱེད་དོ། །འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པས་ཡོངས་སུ་འཛིན་ཏོ། །དགེ་བའི་རྩ་བ་དེ་དག་ལ་ཉེ་བར་འཇོག་གོ །འཁོར་བའི་དགོན་པ་ལས་རྣམ་
པར་བཟློག་གོ །སངས་རྒྱས་ཀྱི་བདེ་བ་བསྒྲིབས་པ་མེད་པ་ཡང་མངོན་དུ་བྱེད་དོ། །འཁོར་བའི་རྒྱུད་ལས་འབྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་ལ་བརྩོན་པའི་བྱམས་པས་ཀྱང་ཡོངས་སུ་རྒྱས་པར་བྱེད་དོ། །སྙིང་རྗེ་ཆེན་པོས་ཀྱང་དེ་དག་ལ་སྙིང་བརྩེ་བར་བྱེད་དེ། བདེ་བ་རྣམ་པར་
དག་པ་ཡང་དེ་དག་ལ་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་ཡོངས་སུ་བསྲུང་བར་བྱ་བའི་ཕྱིར་ཡང་རབ་ཏུ་འཇུག་སྟེ། དེ་དག་སངས་རྒྱས་ཀྱི་ཆོས་ལ་ཉེ་བར་སྡུད་དོ །དེ་དག་བདུད་ཀྱི་ཡུལ་ལས་རྣམ་པར་བཟློག་གོ། །དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་བྱེད་དོ། །
Vol. 36F. 4bUT4CZ5369-I1KG9162-0000/side/8
དེ་དག་འཇིག་རྟེན་ཀྱི་རྒྱུད་ཐམས་ཅད་ལས་གྱེན་དུ་སྐྱོད་པར་བྱེད་དོ། །དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ལ་ཡང་དག་པར་བསྒྲུབ་པར་བྱེད་དོ། །དེ་དག་དུས་གསུམ་མཉམ་པ་ཉིད་ལ་རབ་ཏུ་གཞོག་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་གང་ཅི་ཡང་རུང་སྟེ།
ཡང་དག་པར་བསྒྲུབས་པ་དང་། ཡང་དག་པར་བསྒྲུབ་པ་དང་། ཡང་དག་པར་བསྒྲུབ་པར་འགྱུར་བ་དེ་དག་ཐམས་ཅད་འདི་ལྟར་ཡོངས་སུ་བསྔོ་སྟེ། འདི་སྙམ་དུ་སེམས་བ་མེད་དེ། ཇི་ལྟར་འདས་པའི་སངས་རྒྱས་རྣམས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་སངས་རྒྱས་ལ་རིམ་གྲོ་མཛད་པའི་དམྱིགས་པ་དང་།
དགེ་བའི་རྩ་བ་ཐམས་ཅད་ཀྱི་དམྱིགས་པ་ལ་བརྩོན་པར་མཛད་པའི་ཚེ། གཟུགས་ལ་གནས་པ་མྱེད་པ་དང་། ཚོར་བ་ལ་མངོན་པར་མ་ཆགས་པ་དང་། འདུ་ཤེས་ཀྱི་རྣམ་པ་ཕྱིན་ཅི་ལོག་མེད་པ་དང་འདུ་བྱེད་མངོན་པར་འདུ་བྱ་བ་མྱེད་པ་དང་། རྣམ་པར་ཤེས་པ་མངོན་པར་ཆགས་པ་མྱེད་
པ་དང་། སྐྱེ་མཆེད་དྲུག་ལས་གྱེན་དུ་འཕགས་པ་དང་། འཇིག་རྟེན་གྱི་ཆོས་དང་མི་འགྲོགས་པ་དང་། འཇིག་རྟེན་ལས་འདས་པར་ཡོངས་སུ་བསྔོ་བ་དང་། ནམ་མཁའ་ལྟ་བུའི་ཆོས་འབྱམ་ཀླས་པ་རབ་ཏུ་མཁྱེན་པ་དང་། ཆོས་ཐམས་ཅད་གནས་མེད་པར་རབ་ཏུ་རྟོགས་པ་དང་། ཆོས་
ཐམས་ཅད་མ་སྐྱེས་པས་འབྱུང་བ་དང་། ཆོས་ཐམས་ཅད་མ་འགགས་པར་གཟིགས་པ་དང་། མི་བདེན་པའི་ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་ལས་གྱེན་དུ་འཕགས་པ་དང་། ཆོས་ཐམས་ཅད་མི་བརྫུན་ཞིང་བདེན་པར་གཟིགས་པ་དང་། ཆོས་ཐམས་ཅད་འཕོ་བ་མེད་པ་ལ་ཤིན་ཏུ་
མོས་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དག་པའི་མཐའ་མཉམ་པ་ལ་གནས་པ་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པའི་མཚན་ཉིད་ལས་ཤིན་ཏུ་འཕགས་པ་དང་། ཆོས་དེ་ལྟ་བུའི་མཚན་ཉིད་ཅན་ཐམས་ཅད་རང་བཞིན་མྱེད་པའི་རང་བཞིན་དུ་རྟོགས་པ་དང་། སྒོ་ཀུན་ནས་དགེ་བའི་རྩ་བ་ཡང་
དག་པར་བསྒྲུབ་པ་ལ་བརྩོན་པ་དང་། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱིས་གཟིགས་པ་ཐམས་ཅད་ལ་ཤིན་ཏུ་གཞོལ་བས། དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་ཆོས་ཉིད་དེ་དག་ཁོ་ན་ལ་མོས་པར་བྱ་སྟེ། ཆོས་དེ་ལྟ་བུ་ལ་བརྩོན་པའི་སེམས་