Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 44-31Folio 42Volume 36
Vol. 36F. 42aUT4CZ5369-I1KG9162-0000/side/83
པར་བགབ་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ཀུན་ལ་སྟོབས་བཅུའི་ཡེ་ཤེས་ཀྱི་བླ་རེས་སྐྱོབ་པས་གདུགས་སུ་རེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁམས་གསུམ་ཐམས་ཅད་ ལས་ཤིན་ཏུ་འཕགས་ཤིང་ཆགས་པ་མེད་པའི་ཡེ་ཤེས་ཀྱི་སྙིང་པོ་དང་ལྡན་པས་ཡེ་ཤེས་ཀྱིས་རྣམ་པར་སྣང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྦྱིན་པའི་གནས་དམ་པ་ལ་བསོད་ནམས་ཐམས་ཅད་ཀྱིས་མཆོད་པའི་ཕྱིར་གདུགས་སུ་འོས་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་གདུགས་རྣམ་པར་སངས་རྒྱས་པས་གདུགས་ཀྱི་དམ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གདུགས་ཀྱི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ ཀྱིས་ཆོས་ལ་དབང་བའི་གདུགས་ཡང་དག་པར་བཟུང་བ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །གདུགས་གཅིག་གིས་ནམ་མཁའ་ཐམས་ཅད་ཀྱི་དབྱིངས་ཀྱིས་ཀླས་པ། ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པའི་འཇིག་རྟེན་གྱི་ཁམས་ཐམས་ ཅད་དུ་སངས་རྒྱས་ཐམས་ཅད་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་ཡང་དག་པར་བསྟན་པ་ལས་ཕྱིར་མྱི་ལྡོག་པའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཐམས་ཅད་གདུགས་གཅིག་གིས་བརྒྱན་ཏེ། དེ་བཞིན་གཤེགས་པ་མཆོད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། ། གདུགས་དང་རྒྱལ་མཚན་དང་བ་དན་ཡིད་དུ་འོང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་མངོན་པར་དགབ་པའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་མ་ལུས་པར་གདུགས་ཀྱི་རྒྱན་གྱིས་ཀུན་ཏུ་གཡོག་པར་བྱ་བའི་ཕྱིར་ཡོངས་ སུ་བསྔོའོ། །སངས་རྒྱས་ཀྱི་མཚན་ལ་མོས་པའི་སེམས་ཅན་ཐམས་ཅད་དང་འགྲོ་བའི་ཚོགས་ཐམས་ཅད་གདུགས་ཐམས་ཅད་ཀྱིས་དགབ་བའི་ཕྱིར་ཡོངས་སུ་བསྔོའོ། །རིན་པོ་ཆེ་ཐམས་ཅད་ཀྱི་གདུགས་སྣ་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པ་སངས་
Vol. 36F. 42bUT4CZ5369-I1KG9162-0000/side/84
རྒྱས་གཅིག་ལ་ཕུལ་བས་སངས་རྒྱས་ཐམས་ཅད་ལ་བརྗོད་དུ་མྱེད་པའི་གདུགས་ཕུལ་བར་སེམས་ཤིང་ཡོངས་སུ་བསྔོའོ། །སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་མངོན་པར་བྱང་ཆུབ་པས་འཕགས་པའི་གདུགས་ཀྱིས་སངས་རྒྱས་ཐམས་ཅད་དགབ་པའི་ཕྱིར་ཡོངས་སུ་བསྔོའོ། ། སངས་རྒྱས་ཀྱི་སྐུ་ཇི་སྙེད་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་ན་བཞུགས་པ་ཐམས་ཅད་ལ་གདུགས་ཀྱིས་དགབ་པའི་ཕྱིར་ཡོངས་སུ་བསྔོའོ། །ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་གདུགས་ དང་རིན་པོ་ཆེ་ཐམས་ཅད་ཀྱི་ཕྲེང་བ་བརྒྱུས་ཤིང་ཀླུབས་པ་དང་། སྤོས་ཐམས་ཅད་ཀྱི་མཆོག་གི་དྲི་ཞིམ་པོའི་ངད་འབྱུང་བའི་གདུགས་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་སྤྲས་པའི་གདུགས་དང་། རྒྱན་མཛེས་ཤིང་རྣམ་པར་དག་པའི་གདུགས་དང་། རྒྱན་ ཚད་མེད་པར་ཡངས་ཤིང་རྒྱ་ཆེ་བ་དང་། གསེར་གྱི་དྲ་བས་ཀུན་ནས་ཡོག་པར་བརྒྱན་པ། དྲིལ་བུའི་དྲ་བ་ཀུན་ནས་སྦྱངས་པའི་སྒྲ་ཡིད་དུ་འོང་ཞིང་སྙན་པ་འབྱུང་བའི་གདུགས་དང་། ཡེ་ཤེས་བསྒྲིབས་པ་མྱེད་ཅིང་ཆགས་པ་མྱེད་པའི་གདུགས་དང་། སངས་ རྒྱས་ཐམས་ཅད་ལ་མངོན་པར་དགབ་པའི་གདུགས་ཡོངས་སུ་བཏང་བའི་ཕྱིར་ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གདུགས་ཀྱི་སྦྱིན་པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ ལ་ཡེ་ཤེས་མཆོག་གི་གདུགས་ཀྱིས་མངོན་པར་དགབ་པའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱིས་ཀུན་ནས་ཡོག་ཅིང་རབ་ཏུ་བརྒྱན་པའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཡེ་ཤེས་དང་ཡོན་ཏན་དང་དགོངས་པ་དམ་པ་ རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་རིན་པོ་ཆེ་མཐའ་ཡས་པ་ལ་དབང་སྒྱུར་བ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ལ་ཡེ་ཤེས་ཀྱིས་དབང་སྒྱུར་བ་ཀུན་ཏུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །