Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 44-31Folio 48Volume 36
Vol. 36F. 48aUT4CZ5369-I1KG9162-0000/side/95
ཕྱིར་གསད་དུ་ཁྲིད་པ་སྡུག་བསྔལ་གྱི་རྣམ་པ་གཞན་དང་། གཞན་གྱིས་མྱི་བཟད་ཅིང་འདར་བ་བཅིང་བ་ལྔས་བཅིངས་པ། སྐྱེ་བོ་བརྒྱ་ཕྲག་སྟོང་གིས་ཀུན་ནས་བསྐོར་ཅིང་འཛམ་བུའི་གླིང་དུ་གཏོགས་པ་སྣ་ཚོགས་ནས། བཤལ་
ཞིང་བཀྲི་བ་གཉེན་བཤེས་ཀྱི་རྒྱུད་དང་། མཛའ་བོའི་རྒྱུད་ཐམས་ཅད་དང་བྲལ་བར་གྱུར་པ། རལ་གྲིས་གཙབ་ཅིང་གཤེགས་པ། གསལ་ཤིང་བསྒྲེང་བ་ལ་བསྐྱོན་པ། ལུས་ཐམས་ཅད་ཀུན་ནས་གླེགས་ཏེ། མེ་འབར་བའི་ནང་དུ་དོར་བའམ། སྡུག་
བསྔལ་གྱི་རྣམ་པ་མྱི་བདེ་བ་ཐམས་ཅད་ཀྱིས་མྱི་བདེ་བར་བྱ་བ། གཙེ་བ་སྣ་ཚོགས་ཐམས་ཅད་དུ་བསྒྲེ་བ་ཞིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཐོང་བར་གྱུར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གསད་
པར་བྱ་བ་དེའི་དོན་དུ་ལུས་ཡོངས་སུ་གཏོང་སྟེ། ཇི་ལྟར་བྱང་ཆུབ་སེམས་དཔའ་མི་ཕམ་པ་དང་། རྒྱལ་པོ་ཁྱད་པར་དུ་འགྲོ་བས་ཇི་ལྟར་བྱས་པ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཀྱང་སེམས་ཅན་གསད་པ་
བླུ་བའི་དོན་དུ་ལུས་གཏོང་ཞིང་། སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་ཉམས་སུ་ལེན་པ་དེ་བཞིན་དུ་རབ་ཏུ་གཏོང་བ་བྱེད་ཅིང་ཚིག་འདི་སྐད་དུ་སྨྲའོ། །ཁྱེད་ཀྱིས་མྱི་བདེ་བ་འདི་དག་བདག་ལ་གྱིས་ཤིག །ལུས་འདི་ཡོངས་སུ་གཏོང་གིས་ངའི་སྲོག་
གཅད་པར་གྱིས་ཤིག །ངལ་ནི་ཅི་བྱས་སོ་ཅོག་ཀྱང་མི་ཉན་པ་མྱེད་ཀྱིས། ཁྱེད་ཀྱིས་མྱི་འདི་ལ་ཇི་བྱ་བར་འདོད་པ་དེ་ལས་གྲངས་མེད་པའི་འགྱུར་དུ་སྡུག་བསྔལ་གྱི་རྣམ་པས་གཙེ་བ་ཐམས་ཅད་ཀྱིས་མྱི་བདེ་བ་སྣ་ཚོགས་སུ་གྱིས་ཤིག་ཅེས་ཏེ། འདི་
ལྟར་བདག་གིས་གསད་པར་བཀྲི་བ་མཐོང་ཡང་བདག་གི་ལུས་དང་སྲོག་གིས་མྱི་བླུ་བ་ནི། བདག་ལ་ཚུལ་དང་མི་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ནི་སེམས་ཅན་ཐམས་ཅད་ལ་དམྱིགས་ཏེ། འགྲོ་བ་ཐམས་ཅད་བསྲུང་བའི་ཕྱིར་
Vol. 36F. 48bUT4CZ5369-I1KG9162-0000/side/96
ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་དོ། །སྙམ་ནས་བདག་གི་ལུས་དང་སྲོག་ཡོངས་སུ་བཏང་སྟེ། གསད་པར་བྱ་བ་དེ་བླུས་ནས་དགེ་བའི་རྩ་བ་དེ་འདི་ལྟར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་གཞན་གྱིས་གཙེ་བའི་སྡུག་བསྔལ་
ཉེ་བར་བྱུང་བས་ལུས་དང་སྲོག་ཤིན་ཏུ་མི་འཕྲོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལས་ཐམས་ཅད་མཁྱེན་པའི་བྱང་ཆུབ་སྟོབས་བཅུར་ལུང་བསྟན་པའི་གནས་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ངན་
སོང་ཐམས་ཅད་ཀྱི་ལམ་ལས་ཡོངས་སུ་འདས་ཏེ། འཇིགས་པ་ཐམས་ཅད་ལས་རབ་ཏུ་ཐར་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འཆི་བ་མེད་པའི་ཡེ་ཤེས་ཀྱི་དབྱིངས་སུ་ཞུགས་པས་འཚོ་བ་ཐམས་ཅད་ཀྱི་སྐབས་རབ་ཏུ་རྙེད་པར་གྱུར་ཅིག །སེམས་
ཅན་ཐམས་ཅད་དགེ་བའི་བཤེས་གཉེན་དེ་བཞིན་གཤེགས་པས་ཡོངས་སུ་བཟུང་བས། དགྲས་འཇིགས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁ་ན་མ་ཐོ་བ་མྱེད་པའི་ལས་དགེ་བ་ཐམས་ཅད་སྤྱོད་པས་རལ་གྲིས་གཙབ་པ་
ལྟ་བུའི་མྱི་བདེ་བ་ཐམས་ཅད་ལས་འདས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཤིང་དམ་པའི་དྲུང་དུ་ཕྱིན་ཅིང་། འཇིགས་པ་མྱེད་པར་བདུད་ཀྱི་སྡེ་ཐམས་ཅད་རྣམ་པར་འཐོར་བས་བག་ཚ་བ་དང་། འཇིགས་ཤིང་སྐྲག་པ་ཐམས་ཅད་དང་
བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་ཆོས་ཀྱི་འཇིགས་པ་མྱེད་པས་རྣམ་པར་དག་ཅིང་ཁྱུ་མཆོག་དང་། སེང་གེའི་ང་རོ་འབྱིན་པས་འཁོར་གྱི་འཇིགས་པ་དང་། བག་ཚ་བ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་
ཅད་ཁ་ན་མ་ཐོ་བ་མྱེད་པའི་ལས་ལ་ཡང་དག་པར་སྤྱོད་ཅིང་། འགྲོ་བ་ཐམས་ཅད་ཀྱི་ནང་ན་བསྒྲིབས་པ་མྱེད་པའི་ཡེ་ཤེས་དང་ལྡན་པའི་སེང་གེར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱེ་བོ་ཀུན་ཡོངས་སུ་སྐྱོང་བའི་སེམས་དང་ལྡན་ཞིང་། འགྲོ་བ་ཀུན་ཏུ་འཇིགས་