Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 503Folio 33Volume 87
Vol. 87F. 33aUT4CZ5369-I1KG9213-0000/side/65
སློབ་མ་རྣམས་ལ་ནི། །ཐེག་ཆེན་ཟབ་མོ་རྒྱ་ཆེན་འདི། །ཆོས་ཀྱང་རབ་ཏུ་བཤད་པར་བྱ། །གསང་སྔགས་བརྗོད་ལས་འབྱུང་བ་ཡི། །ཡོན་ཏན་ཀུན་དུ་བརྗོད་ན་ཕན། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །རྫུ་འཕྲུལ་ལ་སོགས་ཡོངས་སུ་བརྗོད། །ཕ་རོལ་ རྒྱུན་ལ་སྙིང་རྗེ་བ། །དེ་དག་ཡུད་ཙམ་ཡུད་ཙམ་བརྗོད། །ནམ་གྱི་བཞི་ཆ་ལུས་པའི་ཚེ། །གལ་ཏེ་རྨི་ལམ་བཟང་རྨིས་ན། །དཀོན་མཆོག་གསུམ་ལ་གཞོལ་རྣམས་ཀྱིས། །ནམ་ལངས་པ་དང་ལེགས་རབ་ཏུ། །སངས་རྒྱས་སྤྱན་སྔར་འདུག་ནས་ནི། །ཁྱོད་ཀྱིས་དེ་དག་བརྗོད་ པར་གྱིས། །པདྨའི་སྟེང་ན་འདུག་ན་མཆོག །གཟུང་དང་མཐོང་བའང་དེ་བཞིན་ཏེ། །རྒྱ་མཚོ་མཐོང་བ་རྨིས་པ་དང་། །རྐྱལ་དང་འཐུང་ལའང་དེ་བཞིན་ནོ། །སངས་རྒྱས་མཐོང་ན་སྙིང་དགའ་སྟེ། །བྱང་ཆུབ་སེམས་དཔའ་སྐྱོ་བ་རྣམས་དང་། །འཇིག་རྟེན་རང་སངས་རྒྱས་རྣམས་ དང་། །ཉན་ཐོས་རྣམས་དང་གང་མཁས་པ། །དེ་དག་མཐོང་ན་སྙིང་དགའོ། །མེ་ཡི་ཕུང་པོ་གྲགས་པ་དང་། །བ་ལང་ཁྱུ་མཆོག་གླང་ཆེན་དྲེགས། །རྟ་ནི་དཀར་པོར་གང་འགྱུར་བ། །དེ་དག་མཐོང་དང་ཞོན་པ་དང་། །བ་ལང་ཁྱུ་ཡང་ཤིས་པ་ཡིན། །བྲམ་ཟེ་དང་ནི་རྒྱལ་ རིགས་དང་། །རྒྱལ་པོ་དགེ་བར་གྲགས་པ་དང་། །སྡུག་པའི་གཉེན་དང་གྲུབ་པ་དང་། །ཉི་མ་དང་ནི་ཟླ་བ་དང་། །དེ་དག་མཐོང་ན་ཤིས་པར་འགྱུར། །རྨི་ལམ་སྨྲ་ཞིང་གཏམ་ཟེར་དང་། །རང་གི་མགོ་བོ་གཅོད་པ་དང་། །ཤ་ཆེན་ཟ་བར་བྱེད་པ་དང་། །ཁྲག་གིས་འཁྲུ་བར་ བྱེད་པ་དང་། །དེ་བཞིན་མི་གཙང་ནུབ་པ་དང་། །ཞོ་དང་འབྲས་ཆན་ཟ་བ་དང་། །ཆང་ཡང་འཐུང་བར་བྱེད་པ་དང་། །སྐྲ་འབྲེག་པ་ནི་མཆོག་ཡིན་ནོ། །སོ་ཡང་ལྷུང་པར་གྱུར་པ་དང་། །ཐང་ཤིང་དང་ནི་ནྱ་གྲོ་དྷ། །དེ་ལ་འཛེགས་པ་ཤིས་པར་འགྱུར། །ལེགས་སོ་བུ་ཞེའམ་ བློ་ལྡན་ཞེས། །སྒྲ་ནི་དེ་སྐད་ཐོས་པ་དང་། །ཡིད་དུ་འོང་བའི་བུད་མེད་དང་། །ཉིན་མོ་ཉལ་པོ་བྱེད་པ་དང་། །ཚངས་པ་དྲག་པོའི་ཉི་མ་དང་། །ཁྱབ་འཇུག་དང་ནི་ཟླ་བ་དང་། །ལུས་ངན་པོ་དང་ནོར་སྦྱིན་དང་། །བརྒྱ་བྱིན་དང་ནི་ཆུ་ལྷ་དང་། །དེ་དག་མཐོང་ངམ་སྨྲ་བ་དང་། །
Vol. 87F. 33bUT4CZ5369-I1KG9213-0000/side/66
འབེལ་གཏམ་བྱེད་ན་ངེས་པར་འགྲུབ། །གཞན་ཡང་དེ་ལྟའི་རྨི་ལམ་དག །དངོས་གྲུབ་འདོད་པ་རྣམས་ཀྱིས་གཟུང་། །རྨི་ལམ་དེ་ལས་བཟློག་པ་དག །འཇིགས་མེད་རྣམས་ཀྱིས་གཟུང་མི་བྱ། །ས་ལ་རྒྱུག་དང་མཆོང་བ་དང་། །གར་བྱེད་པ་དང་གླུ་ལེན་དང་། །རྒོད་དང་བོང་བུ་རྔ་མོ་ ལ། །ཞོན་པ་ཤིན་ཏུ་ངན་པ་ཡིན། །འབྲུ་མར་གྱིས་ནི་ལུས་བསྐུས་དང་། །གཅེར་བུ་དག་དང་སྨྲ་བ་དང་། །ཞར་བ་ཐེང་པོ་སྒུར་པོ་དང་། །མི་སྡུག་རྣམས་དང་ཕྲད་པ་དང་། །ཕག་རྣམས་དང་ནི་ཁྱི་རྣམས་དང་། །བོང་བུ་རྣམས་ཀྱང་དེ་བཞིན་ཏེ། །མ་ཧེ་རྔ་མོ་ཅེ་སྤྱང་དག །རྨི་ལམ་ མཐོང་ན་རྟག་ཏུ་སྨད། །རྩེ་གསུམ་རྩེ་གསུམ་གདེངས་ཐོགས་དང་། །མིག་དམར་ཤིན་ཏུ་འཇིགས་པ་དང་། །གཅེར་བུ་དག་དང་སྣ་ལེབ་དང་། །སྡིགས་མོ་བྱེད་པའི་འཇིགས་བྱེད་དང་། །མདོག་གནག་མི་བཟད་ཆེན་པོ་དང་། །གོས་སྔོན་གཟུགས་བྱད་མི་སྡུག་པ། །སུ་ཡིས་རྨི་ ལམ་རྨིས་པ་ནི། །དེ་ལ་དངོས་གྲུབ་ཡོད་མི་འགྱུར། །ཟུང་ཤིག་རྒྱོབ་ཤིག་ཆོམས་ཤིག་ཅེའམ། །ཟོ་ཤིག་ཅེས་པའི་མི་བཟད་སྒྲ། །དྲག་པོ་འཇིགས་བྱེད་ཁྲོ་ཐོས་དང་། །ཕུང་དང་མ་རྙེད་ཐོས་པ་དང་། །བྱ་རྒོད་བཞད་དང་བྱ་དཀར་དང་། །འུག་པ་བྱ་རོག་བྱི་ལ་དང་། །བྱི་བ་སྡིག་པ་ སྲེ་མོ་སྦྲུལ། །གང་དག་གཞན་ཡང་སྐྱེ་བོ་གདུག །དེ་དག་རྨི་ལམ་མཐོང་གྱུར་ཏམ། །རེག་པར་གྱུར་ནའང་མི་དགེའོ། །དེ་ནས་ཕྱི་དེ་ཉིན་པར་སློབ་དཔོན་གྱིས་རྡོ་རྗེའི་སྙིང་པོས་བའི་རྣམ་ལྔ་ལ་སྔགས་ཀྱིས་བཏབ་སྟེ་སློབ་མ་བོས་ལ་རྡོ་རྗེ་དྲག་པོའི་སྙིང་པོས་བསང་གཏོར་བྱས་ཏེ། །ཤིང་ ཨ་ཤྭ་ཏྠའི་ལོ་མ་ཀོང་བུའམ་སྙིམ་པའི་ནང་དུ་སྣོད་དུ་བྱ་བ་སྦྱིན་ཞིང་ཁྱེད་དེ་རིང་ཟས་ཀྱི་ཚོད་ཤེས་པར་གྱིས་ཤིག་ཅེས་བསྒོ་བར་བྱའོ། །ཉི་མ་ནུབ་ན་རིག་པའི་རྒྱལ་མོ་འཇིགས་མེད་ཀྱིས། སྲེག་བླུགས་དང་ཡམ་སྲེག་ཤིང་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱའོ། །དེ་ནས་ཨ་ཤྭ་ཏྠའི་ཤིང་ ངམ། །ཡང་ན་ཨུ་དུམ་བཱ་ར་ལས། །སོར་བརྒྱད་ཙམ་གྱི་སོ་ཤིང་བྱ། །ཐོག་མ་གཅིག་ནི་མེ་ཏོག་བརྒྱན། །རྡོ་རྗེ་དྲག་པོའི་སྔགས་བཏབ་ལ། །དེ་དག་ལ་ནི་བཅའ་ཕྱིར་སྦྱིན། །ཤར་གྱི་ཕྱོགས་སུ་མདུན་བསྟན་ནམ། །ཡང་ན་བྱང་ཕྱོགས་བསྟན་ཏེ་གཞག །གསང་སྔགས་མགོན་