Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 555Folio 17Volume 89
Vol. 89F. 17aUT4CZ5369-I1KG9215-0000/side/33
སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་དང་། ཤེས་པ་ཐམས་ཅད་མཛད་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྫོགས་པར་མཛད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་
ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་
སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། མ་བྱུང་བ་དང་། མ་སྐྱེས་པ་དང་། མ་འགགས་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་བསྒོམ་པ་དང་། རབ་ཏུ་
བརྟག་པར་བྱ་བ་མ་ཡིན་པ་དང་། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང་། གཞི་མེད་པ་དང་། མཚན་ཉིད་མེད་པ་དང་། བརྟག་པར་བྱ་བ་མ་ཡིན་པ་དང་། རིག་པར་བྱ་བ་མ་ཡིན་པ་དང་། ཐོག་མ་དང་ཐ་མ་འཇིག་པ་མེད་པར་མཛད་པ་དང་། གཡོ་བ་མེད་པར་མཛད་པ་དང་། གཉིས་སུ་མེད་པ་དང་། གཉིས་སུ་མེད་པ་མ་ཡིན་པ་དང་། ཞི་བ་
དང་། བློ་འཇུག་པ་རྣམ་པར་སྤངས་པ་དང་། གཉེན་པོ་མེད་པ་དང་། མ་གོས་པ་དང་། ནམ་མཁའི་ལམ་དང་འདྲ་བ་དང་། ཡོད་པ་དང་མེད་པར་བརྗོད་པ་མ་ཡིན་པ་དང་། རྨི་ལམ་གྱི་ངོ་བོ་ཉིད་དང་། སྒྱུ་མ་ལྟ་བུའི་ཆོས་ཉིད་དང་། མགལ་མེ་བསྐོར་བ་དང་འདྲ་བར་ཆོས་ཐམས་ཅད་རོ་གཅིག་པ་ཉིད་དོ། །སུ་ཞིག་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ་འདི་འདོན་པ་དེ་ངན་སོང་ཐམས་ཅད་ལས་རབ་ཏུ་ཐར་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དགོངས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་རྟག་པར་རྒྱུན་དུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བྱེད་པར་འགྱུར་རོ། །དེའི་གསང་སྔགས་ཀྱི་ཚིག་འདི་དག་ཀྱང་
རྟག་ཏུ་རྒྱུན་མི་འཆད་པར་དྲན་པར་བྱའོ། །བཅོམ་ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། མོས་པ་ལ་བྱམས་མ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་རྣམ་པར་མཁྱེན་པ་ཉིད། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་བཞེས་པ་ལ་
Vol. 89F. 17bUT4CZ5369-I1KG9215-0000/side/34
ཕྱག་འཚལ་ལོ། །འདི་ལྟ་སྟེ། ཨོཾ་པྲཛྙེ་པྲཛྙེ་མ་ཧཱ་པྲཛྙེ། པྲཛྙཱ་ཨ་བ་བྷཱ་སེ། པྲཛྙཱ་ཨཱ་ལོ་ཀ་ཀ་རེ། ཨ་ཛྙཱ་ན་བི་དྱ་མ་ནེ། སིད་དྷི། སུ་སིད་དྷི། སིད་དྷྱ་མ་ནེ། བྷ་ག་བ་ཏི་སརྦྦཱཾ་ག་སུན་དཱ་རི། བྷ་ག་བ་ཏི། བརྟ་ས་ལི། པྲ་སཱ་རི་ཏ་ཧསྟེ། ས་མཱ་ཤྭཱ་ས་ཀ་རི། ཏིཥྛ་ཏིཥྛ། ཀམ་པ་ཀམ་པ། ཙ་ལ་ཙ་ལ། རཱ་བ་རཱ་བ། གརྫ་གརྫ། ཨཱ་གཙྪ། ཨཱ་གཙྪ། བྷ་ག་བ་ཏི་
མཱ་བི་ལམྦ་སྭཱ་ཧཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བཟུང་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་སྐྱེ་བ་དྲན་པ་དང་། ཡིད་གཞུངས་ཤིང་ཤེས་རབ་མཚུངས་པ་མེད་པར་འགྱུར་རོ། །དུས་གསུམ་གྱི་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མ་ལུས་པར་བཟུང་བར་འགྱུར་རོ། །གསང་སྔགས་དང་། རིག་སྔགས་ཐམས་ཅད་ཀྱང་ཡོངས་སུ་བཟུང་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་སྐྱེ་བ་དྲན་པ་དང་། ཡིད་གཞུངས་ཤིང་ཤེས་རབ་ཆེན་པོར་འགྱུར་རོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་བརྒྱ་རྩ་བརྒྱད་
པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཀཽ་ཤི་ཀ་པྲཛྙཱ་པཱ་ར་མི་ཏཱ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀཽ་ཤི་ཀ་ཞེས་བྱ་བ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་
རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མ་ཐམས་ཅད་ཀྱང་གཞོན་ནུར་གྱུར་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ནི་གཉིས་སུ་བལྟ་བར་མི་བྱ། གཉིས་མ་ཡིན་པར་ཡང་མ་ཡིན། མཚན་མར་མ་ཡིན། མཚན་མ་མ་ཡིན་པར་ཡང་མ་ཡིན། བླང་བར་ཡང་མ་ཡིན། དོར་བར་ཡང་མ་ཡིན། བསྣན་པར་མ་ཡིན། བསྣན་པ་མེད་པར་ཡང་མ་ཡིན། ཀུན་ནས་ཉོན་མོངས་པར་མ་ཡིན། ཀུན་ནས་ཉོན་མོངས་པ་མ་ཡིན་པར་ཡང་མ་ཡིན། རྣམ་པར་བྱང་བར་
མ་ཡིན། རྣམ་པར་བྱང་བ་མ་ཡིན་པར་ཡང་མ་ཡིན། སྤང་བར་མ་ཡིན། སྤང་བ་མ་ཡིན་པར་ཡང་མ་ཡིན། གནས་སུ་མ་ཡིན། གནས་སུ་མ་ཡིན་པར་ཡང་མ་ཡིན། སྦྱོར་བར་མ་ཡིན། སྦྱོར་བ་མ་ཡིན་པར་ཡང་མ་ཡིན། འབྲེལ་པར་མ་ཡིན། འབྲེལ་པར་མ་ཡིན་པར་ཡང་མ་ཡིན། རྐྱེན་དུ་མ་ཡིན། རྐྱེན་མ་ཡིན་པར་ཡང་མ་ཡིན། ཆོས་སུ་མ་