Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 562Folio 11Volume 90
Vol. 90F. 11aUT4CZ5369-I1KG9216-0000/side/21
ཐོས་དང་། །རྡུལ་བྲལ་དྲི་མེད་བརྟན་པའི་ཆོས་ལ་ཡང་། །ཕྱོགས་བཅུ་རྣམས་སུ་མཆོད་པ་བྱེད་པར་ཤོག །འགྲོ་བ་དམན་པ་ཐམས་ཅད་སྤོང་གྱུར་ཅིག །མི་ཁོམ་བརྒྱད་པོ་དག་ལས་འདས་པར་ཤོག །དལ་བའི་རྒྱལ་པོ་དམ་པ་ཐོབ་གྱུར་ཅིག །རྟག་ཏུ་སངས་ རྒྱས་འགྲོགས་པ་ཐོབ་པར་ཤོག །རྟག་ཏུ་མཐོན་པོའི་རིགས་སུ་སྐྱེ་བར་ཤོག །ནོར་དང་འབྲུ་ཡི་མཛོད་རྣམས་འབྱོར་གྱུར་ཅིག །སྙན་དང་གྲགས་དང་གཟུགས་དང་ཁ་དོག་གིས། །བསྐལ་པ་དུ་མར་ལེགས་པར་བརྒྱན་པར་ཤོག །བུད་མེད་ཐམས་ཅད་རྟག་ཏུ་ཕོར་གྱུར་ཏེ། །དཔའ་ ཞིང་རྟུལ་ཕོད་མཁས་ཤིང་གསལ་བར་ཤོག །དེ་ཀུན་རྟག་ཏུ་བྱང་ཆུབ་ཕྱིར་སྤྱོད་གྱུར། །ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པར་ཤོག །ཕྱོགས་བཅུ་དག་ན་རིན་ཆེན་ཤིང་དབང་དྲུང་། །སངས་རྒྱས་བདེ་བཞུགས་རིན་ཆེན་བཻ་ཌཱུརྱའི། །ཁྲི་ལ་བཞུགས་པ་དག་ནི་མཐོང་གྱུར་ཅིག །ཆོས་ བསྟན་པ་ཡང་དེ་དག་ཐོས་གྱུར་ཤོག །བདག་གིས་སྡིག་པའི་ལས་རྣམས་བསྒྲུབས་པ་ནི། །སྲིད་པ་ཉམ་ངར་སྔོན་ཆད་གང་བསྒྲུབས་པ། །སྡིག་ལས་གང་དག་མི་འདོད་འབྲས་ཐོབ་པ། །དེ་དག་ཐམས་ཅད་མ་ལུས་ཟད་གྱུར་ཅིག །སེམས་ཅན་གང་དག་སྲིད་པར་བཅིངས་ནས་སུ། ། འཁོར་བའི་ཞགས་པའི་ཐག་པས་དམ་བཅིངས་པ། །ཤེས་རབ་ལག་གིས་བཅིངས་པ་བཀྲོལ་བར་ཤོག །སྡུག་བསྔལ་རྣམས་ལས་མྱུར་དུ་ཐར་གྱུར་ཅིག །སེམས་ཅན་གང་དག་འཛམ་བུའི་གླིང་འདི་དང་། །གང་དག་འཇིག་རྟེན་ཁམས་ནི་གཞན་རྣམས་ན། །བསོད་ནམས་སྣ་ཚོགས་ ཟབ་མོ་རྣམས་བྱེད་པ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །ལུས་དང་ངག་དང་ཡིད་ཀྱིས་བསྒྲུབས་པ་ཡི། །བདག་གིས་རྗེས་སུ་ཡི་རང་བསོད་ནམས་དེ། །བདག་ནི་སྨོན་གྲུབ་འབྲས་བུ་ཡོད་པར་ཤོག །བྱང་ཆུབ་རྡུལ་བྲལ་བླ་མེད་ཐོབ་གྱུར་ཅིག །གང་དག་རྟག་དང་དྲི་མ་བྲལ་བ་དང་། ། དྲི་མེད་ཡིད་ཀྱིས་ཕྱག་འཚལ་བསྟོད་པ་དང་། །ཡོངས་སུ་བསྔོ་བ་བརྗོད་པ་འདི་ཡིས་ནི། །བསྐལ་པ་དྲུག་ཅུར་ངན་སོང་སྤོང་བར་གྱུར། །ཚིགས་སུ་བཅད་པ་བརྗོད་པ་འདི་དག་གིས། །སྐྱེས་པ་བུད་མེད་བྲམ་ཟེ་རྒྱལ་རིགས་ལས། །ཐལ་སྦྱར་འདུག་སྟེ་རྒྱལ་བ་གང་བསྟོད་པ། །
Vol. 90F. 11bUT4CZ5369-I1KG9216-0000/side/22
ཚེ་རབས་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར། །ཡན་ལག་དབང་པོ་ཀུན་གྱིས་ཡན་ལག་བརྒྱན། །བསོད་ནམས་ཡོན་ཏན་སྣ་ཚོགས་རྣམས་དང་ལྡན། །མི་དབང་རྒྱལ་པོས་རྟག་ཏུ་དེ་མཆོད་དེ། །དེ་དང་དེ་དག་ཏུ་ནི་དེ་འདྲར་འགྱུར། །གང་དག་རྣ་བའི་བུ་གར་བཤགས་པ་འདི་ནི་ གྲགས་འགྱུར་བ། །དེ་དག་སངས་རྒྱས་གཅིག་གི་གན་ནས་དགེ་བ་བྱས་མ་ཡིན། །གཉིས་ལ་མ་ཡིན་བཞི་ལ་མ་ཡིན་ལྔ་མིན་བཅུ་ལ་མིན། །དེ་ལྟར་སངས་རྒྱས་སྟོང་གི་གན་ནས་དགེ་བ་བྱས་མ་ཡིན། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་བཤགས་པའི་ ལེའུ་ཞེས་བྱ་བ་སྟེ་བཞི་པའོ།། །།འཕགས་པ་གསེར་འོད་དམ་པའི་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་གསེར་གྱི་ལག་པའི་དབང་པོ་ཞེས་བྱ་བ་དེས། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ་པདྨའི་འབྱུང་གནས་འདིས། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མངོན་པར་བསྟོད་དོ། །རྒྱལ་ བ་གང་དག་སྔར་གྱུར་གང་བྱུང་དང་། །ཕྱོགས་བཅུའི་འཇིག་རྟེན་དག་ན་གང་བཞུགས་པ། །རྒྱལ་བ་དེ་དག་རྣམས་ལ་ཕྱག་བགྱིའོ། །རྒྱལ་བ་དེ་དག་ཀུན་ལ་བདག་གིས་བསྟོད། །ཐུབ་དབང་ཞི་ཞིང་རབ་ཞི་རྣམ་པར་དག །སྐུ་ནི་གསེར་གྱི་མདོག་ཏུ་རབ་ཏུ་གདའ། །དབྱངས་རྣམས་ ཀུན་གྱིས་སངས་རྒྱས་གསུང་སྙན་ཏེ། །ཚངས་པའི་སྒྲ་དབྱངས་རབ་ཏུ་བསྒྲགས་པའི་གསུང་། །བུང་བ་རྨ་བྱ་ཨུཏྤལ་སྔོན་པོའི་དབུ། །མཐོན་མཐིང་ལྕང་ལོ་བྱ་ནི་ཙ་ཤ་འདྲ། །ཁ་བ་དུང་ལྟར་རབ་ཏུ་དཀར་བའི་ཚེམས། །རྟག་ཏུ་གསེར་ལྟར་རྣམ་པར་མཛེས་པར་གདའ། །སྤྱན་ནི་ རིང་ཞིང་མཐོན་མཐིང་དྲི་མ་མེད། །ཨུཏྤལ་སྔོན་པོ་རབ་ཏུ་རྒྱས་པ་འདྲ། །ལྗགས་ནི་ཆེ་ཞིང་ལེགས་ལ་པདྨའི་མདོག །པདྨ་འདྲར་སྣང་པདྨའི་ཟེ་བ་འདྲ། །ཞལ་གྱི་མཛོད་སྤུ་པདྨ་དུང་དང་འདྲ། །བཻ་ཌཱུརྱ་ཡི་མདོག་འདྲ་གཡས་སུ་འཁྱིལ། །ཐུབ་པའི་ཟླ་བ་ཕྲ་ཞིང་ཟླ་བ་ཟད་པ་འདྲ། །སྐུ་