Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 590Folio 6Volume 90
Vol. 90F. 6aUT4CZ5369-I1KG9216-0000/side/11
ཅད་ཡང་དག་བྱུང་། །སངས་རྒྱས་ཐམས་ཅད་ཁ་དོག་མཚུངས། །འདི་ནི་སངས་རྒྱས་ཆོས་ཉིད་ཡིན། །བཅོམ་ལྡན་འདས་ནི་བཅོས་མ་མིན། །དེ་བཞིན་གཤེགས་པ་མ་སྐྱེས་ཏེ། །རྡོ་རྗེ་ལྟ་བུར་སྲ་བའི་སྐུ། །སྤྲུལ་པའི་སྐུ་ནི་སྟོན་པར་མཛད། །དྲང་སྲོང་ཆེན་པོའི་
རིང་བསྲེལ་ནི། །ཡུངས་འབྲུ་ཙམ་ཞེས་བྱ་བ་མེད། །སྐུ་ལ་རུས་པ་ཁྲག་མེད་ན། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཐབས་ཀྱིས་རིང་བསྲེལ་བཞག་པར་མཛད། །རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་
ཆོས་ཀྱི་དབྱིངས། །ཆོས་སྟོན་མཛད་པ་ཅི་འདྲ་བ། །བཅོམ་ལྡན་འདས་ཀྱི་སྐུ་དེ་འདྲ། །བདག་གིས་འདི་ཐོས་ཤེས་ནས་ནི། །བདག་གིས་དམ་པ་གསོལ་བར་བྱས། །དེ་ཉིད་ཁོ་ན་ལུང་བསྟན་ཕྱིར། །གཏམ་གླེང་བ་ནི་བདག་གིས་བྱས། །དེ་ནས་ལྷའི་བུ་སུམ་ཁྲི་ཉིས་སྟོང་
གིས་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པ་ཟབ་མོ་དེ་ལྟ་བུ་དེ་དག་ཐོས་ནས། ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་ཡིད་ཀྱིས་ཀུན་ཏུ་རྟོག་པ་རབ་ཏུ་དགའ་ནས་སྒྲ་དབྱངས་གཅིག་ཏུ་ཚིགས་སུ་བཅད་པ་འདི་དག་སྨྲས་
སོ། །སངས་རྒྱས་མྱ་ངན་ཡོང་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདའ་བ་སྟོན། །སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་
པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་སྟོན། །དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་སྐྱེས་བུ་དམ་པ་དེ་གཉིས་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་བསྟན་པ་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་
ཤིང་རབ་ཏུ་དགའ་སྟེ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་དགའ་བ་དང་མགུ་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པ་འདི་བཤད་པའི་ཚེ། སེམས་ཅན་ཚད་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་
Vol. 90F. 6bUT4CZ5369-I1KG9216-0000/side/12
སོ། །དེ་བཞིན་གཤེགས་པ་དེ་དག་ཀྱང་མི་སྣང་བར་གྱུར་ཏོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གཉིད་ཀྱིས་
ལོག་པའི་རྨི་ལམ་ན། གསེར་གྱི་རྔ་ཀུན་ཏུ་སྣང་བ་འདི་ལྟ་སྟེ། ཉི་མའི་དཀྱིལ་འཁོར་འདྲ་བ་ཞིག་མཐོང་ངོ་། །ཕྱོགས་ཐམས་ཅད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་དག་རིན་པོ་ཆེའི་ཤིང་དྲུང་ན། རིན་པོ་ཆེ་བཻ་ཌཱུརྱའི་ཁྲི་རྣམས་ལ་བཞུགས་ཤིང་འཁོར་
བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཏེ། མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་ངོ་། །དེ་ནས་ཡང་སྐྱེས་བུ་བྲམ་ཟེའི་གཟུགས་ལྟ་བུ་ཞིག་རྔ་དེ་རྡུང་བ་མཐོང་སྟེ། རྔའི་སྒྲ་དེ་ལས་བསྟན་པའི་ཚིགས་སུ་བཅད་པ་འདི་ལྟ་བུ་དག་བྱུང་བ་ཐོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་
མཛེས་པའི་ཏོག་གཉིད་སད་མ་ཐག་ཏུ། བསྟན་པའི་ཚིགས་སུ་བཅད་པ་དེ་དག་རྗེས་སུ་དྲན་ནོ། །རྗེས་སུ་དྲན་ནས་ཀྱང་དེའི་མཚན་མོ་ཟད་པ་དང་། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སྲོག་ཆགས་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཏུ་བྱ་རྒོད་ཕུང་པོའི་རི་ག་ལ་བ་དང་།
བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས། བཅོམ་
ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། རྨི་ལམ་ན་གང་རྔའི་སྒྲ་ལས་བསྟན་པའི་ཚིགས་སུ་བཅད་པ་ཐོས་པ་དེ་དག་གསོལ་ཏོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། རྨི་ལམ་མཐོང་བའི་ལེའུ་ཞེས་བྱ་བ་སྟེ་གསུམ་པའོ།། །།ནུབ་
གཅིག་གཡེལ་བ་མེད་པར་ཡང་། །བདག་གིས་རྨི་ལམ་རྨིས་པ་ནི། །མཛེས་པའི་རྔ་ཆེན་མཐོང་བ་སྟེ། །ཐམས་ཅད་དུ་ནི་གསེར་གྱི་འོད། །ཉི་མ་ཇི་ལྟ་བཞིན་དུ་འབར། །ཀུན་ཏུ་རྣམ་པར་ལྷང་ངེ་སྟེ། །ཕྱོགས་བཅུ་རྣམས་སུ་སྣང་བར་གྱུར། །ཀུན་ཏུ་རིན་ཆེན་ཤིང་དྲུང་ན། །