Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 94Folio 127Volume 45
Vol. 45F. 127aUT4CZ5369-I1KG9171-0000/side/253
པར་སེམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །དེ་ཡི་འདུས་པ་དང་པོར་དགྲ་བཅོམ་པ། །ཉོན་མོངས་ཟད་པ་བརྒྱད་ཅུ་གཉིས་པར་ཡང་། །ཉིས་འགྱུར་གསུམ་པ་དག་ཏུ་སུམ་འགྱུར་ཡོད། །དེ་ཡི་སྐུ་ཚེ་ལོ་གྲངས་ཉིས་སྟོང་ཡིན། །རྒྱལ་བ་དེ་ནི་མྱ་ངན་འདས་ནས་ཀྱང་། ། དམ་ཆོས་ལོ་གྲངས་སྟོང་ཕྲག་བཅུར་ཡང་གནས། །མྱ་ངན་འདས་པའི་མཆོད་རྟེན་གཅིག་འབྱུང་ལ། །གདུགས་གྲངས་བརྒྱ་ཕྲག་དྲུག་ཅུ་གཉིས་ཀྱིས་ཁྱབ། །འཇིག་རྟེན་མགོན་པོ་གསེར་གྱི་རི་བོ་དེའི། །སྐྱེ་བའི་ཡུལ་ནི་དྲེགས་པར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་ འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་ཡབ་ནི་གསལ་བ་ཡིན། །དེ་ཡི་ཡུམ་ནི་དགེ་མཆོག་མ་ཞེས་བྱ། །ཤིན་ཏུ་བཀྲ་ཤིས་སྲས་ཆོས་རིམ་གྲོ་པ། །ཆོས་འཕགས་ཞེས་ནི་བྱ་བ་མཁས་པ་སྟེ། །མི་ཡི་ཏོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དགྲ་བཅོམ་པ་ཡི་ཚོགས། ། སྟོང་ཕྲག་སུམ་ཅུ་དག་ནི་འབྱུང་བར་འགྱུར། །འདུས་པ་གཉིས་པར་ཉི་ཤུ་རྩ་བརྒྱད་ཡོད། །འདུས་པ་གསུམ་པར་ཚོགས་པ་ཉི་ཤུ་ཡོད། །དེ་ཡི་སྐུ་ཚེ་ལོ་གྲངས་དགུ་སྟོང་ཡིན། །དམ་པའི་ཆོས་ནི་ལོ་གྲངས་སྟོང་ཕྲག་ནི། །སུམ་ཅུ་རྩ་གཉིས་ཐམ་པར་གནས་འགྱུར་ཞིང་། ། དེ་ཡི་སྐུ་གདུང་རྣམས་ཀྱང་རྒྱས་པར་འགྱུར། །སྤྱན་དང་ལྡན་པ་སེང་གེས་བྱིན་པ་ཡི། །སྐྱེ་བའི་ཡུལ་ནི་རིན་ཆེན་མཆོག་ཅེས་བྱ། །མགོན་པོའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དྲུག་ཅུ་རྩ་ལྔ་ཆོས་ལྡན་ཡབ། །ཡུམ་ནི་ཟླ་ལྡན་སྲས་ནི་རིན་པོ་ཆེ། །རིམ་གྲོ་པ་ནི་ གློག་འགྱུ་ཞེས་ཀྱང་བྱ། །དེ་ཚེ་མཁས་གྱུར་དགའ་བ་བློ་ཞེས་བྱ། །དགའ་ཆེན་ཞེས་བྱ་དེ་ཡི་རྫུ་འཕྲུལ་ཅན། །འདུས་པ་དང་པོར་ཡང་སྲིད་ཟད་པ་ཡི། །དགེ་སློང་ཚོགས་པ་འབུམ་ཕྲག་བཞི་བཅུ་ཡོད། །འདུས་པ་གཉིས་པར་འབུམ་ཕྲག་བཞི་བཅུ་གཉིས། །འདུས་པ་ གསུམ་པར་འབུམ་ཕྲག་བཞི་བཅུ་གསུམ། །མི་རྣམས་ཚེ་ཚད་ལོ་གྲངས་སྟོང་ཕྲག་བཅུ། །དེ་བཞིན་གཤེགས་པ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །མྱ་ངན་འདས་པའི་མཆོད་རྟེན་གཅིག་ཏུ་ཟད། །བདེ་གཤེགས་གཞན་གྱིས་མི་
Vol. 45F. 127bUT4CZ5369-I1KG9171-0000/side/254
ཐུབ་རྒྱལ་མཚན་གྱི། །སྐྱེ་བའི་ཡུལ་ནི་མེ་ཏོག་ལྡན་ཞེས་བྱ། །དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གཅིག་ཡོད་ཡབ་ནི་ཚོགས་དབང་པོ། །དེའི་ཡུམ་ལུས་མཆོག་ཅེས་ནི་བྱ་བ་ཡིན། །ཡོན་ཏན་སྟོབས་སྲས་སྒྲ་གཅན་རིམ་གྲོ་པ། །ཁ་ལོ་ སྒྱུར་ཞེས་བྱ་བ་མཁས་པ་སྟེ། །སྤྲིན་པོ་ཆེ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་དྲང་སྲོང་མཆོག་དགྲ་བཅོམ། །ཚོགས་པ་བྱེ་བ་བརྒྱ་ཕྲག་གསུམ་ཡང་ཡོད། །གཉིས་པར་གཉིས་ཡོད་གསུམ་པར་བྱེ་བརྒྱ་གཅིག །དེ་ཚེ་མི་ཚེ་ལོ་གྲངས་སྟོང་ཡིན་ནོ། །མྱ་ངན་ འདས་པ་དེ་ཡི་དམ་ཆོས་དག །ལོ་གྲངས་སུམ་སྟོང་བར་དུ་གནས་པར་འགྱུར། །མྱ་ངན་འདས་པའི་མཆོད་རྟེན་བྱེ་བ་སྟེ། །སྐུ་གདུང་དམ་པ་རྣམས་ཀྱང་འཕེལ་བར་འགྱུར། །དེ་བཞིན་གཤེགས་པ་མཆོག་དགའ་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་ལྡན་ཞེས་ བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་འདྲོན་བཟངས་ཡིན། །དེ་ཡི་ཡུམ་ནི་སྤྲིན་ལྡན་མ་ཞེས་བྱ། །སྲས་ནི་རྒྱལ་པོ་སྐྱེ་ལྡན་རིམ་གྲོ་པ། །ཚུལ་ཁྲིམས་དགའ་ཞེས་བྱ་བ་ཤེས་རབ་ཅན། །བདུད་རྩི་སྟོབས་ཞེས་བྱ་བ་རྫུ་འཕྲུལ་ཅན། ། འདུས་པ་དང་པོར་བྱེ་བ་ཕྲག་དྲུག་ཡོད། །གཉིས་པར་ལྔ་ཡོད་གསུམ་པར་གཉིས་ཡོད་དོ། །དེ་ཡི་ཚེ་ན་འདྲེན་པའི་སྐུ་ཚེའི་ཚད། །ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་རྩ་གཉིས་ཡིན། །འདྲེན་པ་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་བྱེ་བ་ཕྲག་གཉིས་གནས། ། མཆོད་རྟེན་འབུམ་ཕྲག་བདུན་ཅུ་རྩ་གཉིས་ཏེ། །རྒྱལ་མཚན་གྱིས་བརྒྱན་གདུགས་སྟོང་དག་གིས་ཁྱབ། །ཡོན་ཏན་མཐའ་ཡས་བརྩོན་འགྲུས་བརྟན་པ་ཡི། །སྐྱེ་བའི་ཡུལ་ནི་དགའ་སྡུག་ཅེས་ཀྱང་བྱ། །དེ་བཞིན་གཤེགས་རིགས་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་གཅིག་ཡོད་ ཡབ་ནི་མྱ་ངན་མེད། །དེ་ཡི་ཡུམ་ནི་མེ་ཏོག་ལྡན་ཞེས་བྱ། །སྲས་པོ་འབྱོར་ལྡན་གྲགས་པ་རིམ་གྲོ་པ། །འོད་བྱེད་རྒྱལ་པོ་ཞེས་བྱ་ཤེས་རབ་ཅན། །ལེགས་དོན་སྤྱོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །དགེ་སློང་ཚོགས་པ་བྱེ་བརྒྱ་ལྔ་བཅུ་དྲུག །དེ་ཚེ་འདུས་པ་གཉིས་པར་ལྔ་བཅུ་ཡོད། །