Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 94Folio 171Volume 45
Vol. 45F. 171aUT4CZ5369-I1KG9171-0000/side/341
ལོ་གྲངས་སྟོང་ཕྲག་བཅྭ་ལྔའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་དགུ་པ་རིན་ཆེན་བཟང་པོས་སྤྲས། །མི་ཡི་མཆོག་མ་མྱ་ངན་མེད་པ་ཡི། །སྐྱེ་བའི་ཡུལ་ནི་མྱ་ངན་འཚང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་
འོད་ཀྱི་ཚད། །དཔག་ཚད་བཅུ་གཅིག་ཡབ་ནི་མྱ་ངན་མེད། །མྱ་ངན་སྤོང་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཛེས་ཅན་སྡུག་ལེགས་རིམ་གྲོ་པ། །རབ་ཏུ་བརྒྱན་པ་ཤེས་བློ་ཅན་ཡིན་ཏེ། །རྣམ་པར་འཕྲུལ་པའི་སེམས་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་
སུམ་ཅུ་རྩ་དྲུག་སྟེ། །འདུས་པ་ཀུན་ལའང་ཡིད་ནི་རབ་ཞི་བ། །བྱེ་བ་ཕྲག་ནི་བཞི་བཅུ་བཞི་བཅུ་ཡོད། །མི་ཚེ་ལོ་གྲངས་དག་ནི་ཁྲི་ཡང་ཡིན། །འགྲོ་ལ་ཕན་ཕྱིར་རྒྱལ་བའི་དམ་ཆོས་དག །ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །མཆོད་རྟེན་གྲངས་ནི་ཐེར་
འབུམ་ཕྲག་གཉིས་ཏེ། །མུ་ཏིག་རྒྱལ་མཚན་རིན་ཆེན་མཆོག་གིས་སྤྲས། །དེ་བཞིན་གཤེགས་པ་ཤུགས་བཅུ་པ་དག་གི། །སྐྱེ་བའི་ཡུལ་ནི་མཐོང་ན་མཆོད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་གཉིས་ཡོད་ཡབ་ནི་སྟོབས་དབང་ཡིན། །ང་རོ་
སྙན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྐད་སྙན་བཟང་པོ་རིམ་གྲོ་པ། །དབྱངས་སྙན་པ་ཞེས་བྱ་བ་མཁས་པ་སྟེ། །སེང་གེའི་གླལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །རི་ཡི་རྒྱལ་པོ་ལྟ་བུར་མི་གཡོ་བ། །བྱེ་བ་ཕྲག་ནི་འབུམ་ཕྲག་རེ་རེ་
ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །རྒྱལ་བའི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །བཅུ་དྲུག་དག་གི་བར་དུ་གནས་པར་འགྱུར། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །དཔག་ཚད་བཅུ་པའི་མཆོད་རྟེན་གདུང་བཅས་གཅིག །དེ་བཞིན་གཤེགས་པ་སྟོབས་ལ་
དགྱེས་པ་ཡི། །སྐྱེ་བའི་ཡུལ་ནི་དགའ་བའི་དབྱངས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ལེགས་བྱིན་ཡིན། །དགའ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དགའ་བ་ཀླུ་ཆེན་རིམ་གྲོ་པ། །འཇིག་རྟེན་གསུམ་དུ་སྣང་བ་
Vol. 45F. 171bUT4CZ5369-I1KG9171-0000/side/342
མཁས་པ་སྟེ། །འཇིགས་པ་མེད་པའི་མཆོག་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །རྩྭ་ཤིང་ལྟ་བུར་ཆགས་པ་མེད་པ་པོ། །ངར་མི་འཛིན་པ་ཉིས་འབུམ་ཉིས་འབུམ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །དམ་ཆོས་དག་ནི་ལོ་གྲངས་སྟོང་དུ་གནས། །
མཆོད་རྟེན་གྲངས་ནི་བདུན་ཁྲི་བཞི་སྟོང་ཀུན། །ལྷ་ཡི་ལྷ་རྫས་གཞལ་མེད་ཁང་ལྟ་བུར། །གསེར་གྱི་རྒྱལ་མཚན་དག་གིས་རྣམ་པར་སྤྲས། །བདེ་བར་གཤེགས་པ་མཐུ་དཔལ་སྐྱེ་བ་ཡི། །ཡུལ་ནི་ལེགས་པར་བརྟན་པོ་སྦེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །
དཔག་ཚད་བརྒྱ་ཡོད་ཡབ་ནི་ལེགས་ཡིད་གཞུངས། །པད་མ་ཅན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལྷ་དབང་ཚོགས་དབང་རིམ་གྲོ་པ། །བློ་སྦྱོང་བ་ཞེས་བྱ་བ་མཁས་པ་སྟེ། །འཁྲུག་པ་མེད་པའི་བློ་ལྡན་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱ་རྩ་བཅུ་དྲུག་སྟེ། །ཀུན་ལའང་བར་
སྣང་མི་གནས་འདྲ་བ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་སྟོང་ཡང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་དྲུག་ཁྲི་དྲུག་སྟོང་བར་དུ་གནས། །ཞི་བར་ཕྱིན་པའི་སྐུ་གདུང་རྒྱས་འགྱུར་ལ། །རིན་ཆེན་མཆོད་རྟེན་བྱེ་བ་ཕྲག་གཉིས་
འབྱུང་། །དེ་བཞིན་གཤེགས་པ་མཐུ་ཐོབ་པ་དེ་ཡི། །སྐྱེ་བའི་ཡུལ་ནི་ལེགས་གནས་མཆོག་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་རྣམ་པར་རོལ་པ་ཡབ། །ངེས་པར་བྱས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མ་སྨད་དུལ་བ་རིམ་གྲོ་པ། །
འགྲོ་བ་དགའ་ཞེས་བྱ་བ་མཁས་པ་སྟེ། །བསོད་ནམས་ཕུང་པོའི་གཟི་བརྗིད་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །རྨས་པ་མེད་ཅིང་རིམས་ནད་མེད་པ་པོ། །དགྲ་བཅོམ་ཐེར་འབུམ་ཕྲག་ནི་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །
དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །དགུ་བཅུ་རྩ་གཉིས་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་བཅས་པའི་མཆོད་རྟེན་གྲངས། །བདུན་ཡོད་དཔག་ཚད་གཅིག་པ་གསེར་གྱིས་སྤྲས། །དེ་བཞིན་གཤེགས་པ་མཐུ་ནི་ཆེན་པོ་ཡི། །སྐྱེ་བའི་ཡུལ་ནི་རྒྱལ་བར་དཀའ་