Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 94Folio 197Volume 45
Vol. 45F. 197aUT4CZ5369-I1KG9171-0000/side/393
ལོ་གྲངས་དག་ནི་ལྔ་ཁྲི་ཡིན། །ཤིན་ཏུ་དུལ་བའི་ཡིད་ལྡན་དམ་ཆོས་དག །ལོ་གྲངས་སུམ་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་བྱེ་བ་བདུན་ཅུ་དྲུག །སངས་རྒྱས་པད་མའི་འོད་ཟེར་སྐྱེ་བའི་ཡུལ། །མེ་ཏོག་དག་ གིས་རྣམ་པར་བརྒྱན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་པད་མ་བཟང་པོ་ཡབ། །དགའ་བ་སྦྱངས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་པད་མ་ཡིད་འཐད་རིམ་གྲོ་པ། །མེ་ཏོག་དགའ་ཞེས་བྱ་བ་མཁས་པ་སྟེ། །ཡེ་ཤེས་མེ་ཏོག་ལེགས་རྒྱས་ རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཞི་སྟེ་ཀུན་ལ་ཡང་། །དགྲ་བཅོམ་དབང་པོ་ཚང་བའི་བསམ་གཏན་པ། །ཐེར་འབུམ་ཕྲག་ནི་དྲུག་དྲུག་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅུ་བདུན་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །དགུ་བཅུ་རྩ་ལྔའི་བར་དུ་ གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བཅུ་དྲུག་པ་ལ་མུ་ཏིག་སྤྲས། །རྣམ་པར་འདྲེན་པ་བརྟུལ་ཞུགས་བཟང་པོ་ཡི། །སྐྱེ་ཡུལ་ཡེ་ཤེས་རྣམ་པར་ངེས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་རྣམ་དག་ ཡིན། །ཐོས་པའི་འོད་ནི་རྒྱལ་ཡུམ་སྲས་པོ་ནི། །མཛེས་ལྡན་ཤིན་ཏུ་མཛེས་པ་རིམ་གྲོ་པ། །སྐྱེ་བོས་མཆོད་ཅེས་བྱ་བ་མཁས་པ་སྟེ། །ཐོགས་པ་མེད་པར་སྟོན་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་སྟེ་ཀུན་ལ་ཡང་། །པད་མཚུངས་སྲིད་པ་ཀུན་ལས་རྣམ་གྲོལ་བ། །བྱེ་བ་ཕྲག་ནི་ དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །མྱ་ངན་འདས་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་བརྒྱད་ཁྲི་དགུ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འབྱུང་། །དེ་བཞིན་གཤེགས་པ་སྒྲོན་མའི་རྒྱལ་ པོ་ཡི། །སྐྱེ་བའི་ཡུལ་ནི་ལྷ་ཡི་འོད་ཅེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་ལེགས་སྐྱེས་ཡིན། །མེ་ཏོག་ཅན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྐར་མ་སྐར་བཟངས་རིམ་གྲོ་པ། །སྣང་བའི་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །གཡོ་བ་མེད་
Vol. 45F. 197bUT4CZ5369-I1KG9171-0000/side/394
པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལ་ཡང་། །ང་མེད་ཉོན་མོངས་མེད་པའི་དགྲ་བཅོམ་པ། །བྱེ་བ་སྟོང་ཕྲག་བཅུ་གསུམ་བཅུ་གསུམ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བརྒྱད་ཁྲིའི་བར་ དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དཔག་ཚད་གསུམ་པ་གཅིག །གསེར་གྱི་དྲ་བ་དག་གིས་ཁེབས་པར་བྱས། །དེ་བཞིན་གཤེགས་པ་གློག་གི་ཏོག་དག་གི། །སྐྱེ་བའི་ཡུལ་ནི་རྟག་ཏུ་མཐོང་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་སྨན་ པ་བཟང་པོ་ཡབ། །གློག་མཆོད་མ་ནི་རྒྱལ་ཡུམ་སྲས་པོ་ནི། །ཐུབ་མེད་ཤིན་ཏུ་རྣམ་དུལ་རིམ་གྲོ་པ། །རིན་ཆེན་འཆང་བ་བློ་གྲོས་ཅན་ཡིན་ཏེ། །མཐའ་ཡས་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་བརྒྱད་དེ། །ཀུན་ལའང་ཞི་བ་མྱ་ངན་འདས་གནས་པ། ། དགྲ་བཅོམ་མཆོད་པར་འོས་པ་ཤ་སྟག་གོ། །མི་ཚེ་ལོ་གྲངས་བདུན་ཁྲི་བདུན་སྟོང་ཡིན། །མི་ཡི་ཕུལ་དུ་བྱུང་བའི་དམ་ཆོས་དག །ལོ་གྲངས་ཉི་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་གཅིག་པ་རྒྱལ་མཚན་དག་གིས་བརྒྱན། ། དེ་བཞིན་གཤེགས་པ་འོད་ཟེར་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་བཟང་ལ་དགའ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བྱེ་བ་གཉིས་ཡོད་འོད་ཟེར་བཟང་པོ་ཡབ། །ཡོན་ཏན་འོད་ཟེར་རྒྱལ་ཡུམ་སྲས་པོ་ནི། །འོད་ཟེར་བྱིན་ཡིན་ལྷ་ལེགས་རིམ་གྲོ་པ། །སྣང་བའི་ འོད་ཅེས་བྱ་བ་མཁས་པ་སྟེ། །སྒྲོན་མ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །རྡུལ་སྦྱངས་པ་ཡི་དགྲ་བཅོམ་ཚོགས་པ་དག །ཐེར་འབུམ་ཕྲག་ནི་བརྒྱད་ཅུ་བརྒྱད་ཅུ་ཡོད། །མི་ཚེ་ལོ་གྲངས་ས་ཡ་ཕྲག་བརྒྱད་ཡིན། །སྟོན་པ་མྱ་ངན་འདས་པའི་ དམ་ཆོས་དག །ལོ་གྲངས་བདུན་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །སྟོང་གསུམ་མཆོད་རྟེན་བཟང་པོ་དག་གིས་གང་། །དེ་བཞིན་གཤེགས་པ་སྐར་མཁན་སྐྱེ་བ་ཡི། །ཡུལ་ནི་གསེར་གྱི་གཟི་བརྗིད་ལྡན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་