Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 94Folio 212Volume 45
Vol. 45F. 212aUT4CZ5369-I1KG9171-0000/side/423
འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །དགྲ་བཅོམ་རིམས་ནད་མེད་པ་དགེ་བ་ཅན། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །ལྷག་མ་མེད་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་
བདུན་ཁྲིའི་བར་དུ་གནས་པར་འགྱུར། །མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང་། །ཞིང་རྣམས་ཀུན་དུ་སྐུ་གདུང་རྒྱས་པར་འགྱུར། །མཚུངས་པ་མེད་པ་རྒྱལ་པོ་སྐྱེ་བ་ཡི། །ཡུལ་ནི་དད་པའི་རྒྱལ་པོ་ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་
ཅུ་རྩ་གཉིས་གཟི་བརྗིད་བཟང་པོ་ཡབ། །རྒྱལ་པོའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྒྱལ་བྱིན་རྒྱལ་ཆེན་རིམ་གྲོ་པ། །མི་ཡི་རྒྱལ་པོ་ཞེས་བྱ་མཁས་པ་སྟེ། །རྒྱལ་པོ་དད་པར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་བརྒྱད་ཀུན་ལའང་། །དགྲ་
བཅོམ་གྲགས་པ་བསྒྲུབས་པ་དེ་དག་གྲངས། །ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་འབུམ་ཕྲག་ཉི་ཁྲི་ཡིན། །རྣམ་པར་གྲོལ་བར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་དགུ་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བ་མྱ་ངན་འདས་པའི་སྐུ་གདུང་
དག །ཞིང་རྣམས་ཀུན་དུ་ཁྱབ་པར་འབྱུང་བར་འགྱུར། །དེ་བཞིན་གཤེགས་པ་དོན་ནི་གྲུབ་པ་ཡི། །སྐྱེ་བའི་ཡུལ་ནི་ཐར་པ་འབྱོར་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་བཅུ་ཡབ་ནི་བདེ་དོན་ཡིན། །དོན་ལ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །
སྲས་པོ་དོན་སྦྱིན་དོན་ཆེན་རིམ་གྲོ་པ། །སྤོབས་པ་བརྩེགས་པ་བློ་གྲོས་ཅན་ཡིན་ཏེ། །བསོད་ནམས་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །རྒྱགས་དང་ང་རྒྱལ་བྲལ་བ་འཁྲུལ་མེད་པ། །བྱེ་བ་ཕྲག་ནི་བརྒྱད་ཅུ་གཉིས་གཉིས་ཡོད། །
མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཐ་བ་སྤངས་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་གི་མཆོད་རྟེན་ནི། །དཔག་ཚད་དགུ་པ་གཅིག་ཅིག་འབྱུང་བར་འགྱུར། །དེ་བཞིན་གཤེགས་པ་སེང་གེའི་སྡེ་དག་གི། །
Vol. 45F. 212bUT4CZ5369-I1KG9171-0000/side/424
སྐྱེ་བའི་ཡུལ་ནི་བཟོད་པར་དཀའ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱད་ཡོད་མཆོད་སྦྱིན་བཟང་པོ་ཡབ། །འཕགས་པའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འབྲུག་སྒྲ་ཏོག་ནི་རིམ་གྲོ་པ། །དཔའ་སྟོབས་ཅན་ཞེས་བྱ་བ་མཁས་པ་སྟེ། །
སེང་གེའི་སྟབས་ཀྱིས་འགྲོ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །མཆོད་པ་མཆོག་གིས་མཆོད་པར་འོས་པ་པོ། །དགྲ་བཅོམ་ཐ་སྤངས་ཐེར་འབུམ་ཐེར་འབུམ་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་དྲུག་སྟོང་ཡིན། །གཟུང་བ་མེད་པར་ཕྱིན་
པའི་དམ་ཆོས་དག །ལོ་གྲངས་ཉི་ཁྲི་བཞི་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་འབུམ་ཕྲག་དགུ་བཅུ་དགུ། །སེམས་ཅན་སྙིང་པོ་ནོར་ལྷའི་བུ་སྐྱེ་བའི། །ཡུལ་ནི་གཟི་བརྗིད་འབྱུང་བ་ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་
འོད་དཔག་ཚད། །སུམ་ཅུ་རྩ་གཉིས་ཟླ་བའི་དབང་པོ་ཡབ། །རྒྱུ་སྐར་རྒྱལ་པོ་རྒྱལ་ཡུམ་སྲས་པོ་ནི། །ལེགས་འོངས་པང་ནས་སྐྱེས་པ་རིམ་གྲོ་པ། །ལྷ་ཡི་འོད་ཅེས་བྱ་བ་མཁས་པ་སྟེ། །ལྷ་ཡི་མིག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་
ཡང་། །དགྲ་བཅོམ་བསོད་ནམས་འབྲས་བུ་མཆོག་ཐོབ་པ། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །སྲིད་པ་ཞི་བར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་དགུ་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་
ཡིན་ཏེ། །དཔག་ཚད་ལྔ་པ་རིན་པོ་ཆེ་ཡིས་སྤྲས། །མཚུངས་པ་མེད་པ་གྲགས་པ་སྐྱེ་བ་ཡི། །ཡུལ་ནི་མཆོད་པ་དག་གིས་བརྒྱན་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་འབྱོར་ལྡན་ཡིན། །གྲགས་མཆོག་མ་ཞེས་བྱ་བ་རྒྱལ་
བའི་ཡུམ། །སྲས་པོ་སྐར་ལྡན་ལེགས་བྱིན་རིམ་གྲོ་པ། །མཐུ་རྩལ་ཟླ་བ་ཞེས་བྱ་མཁས་པ་སྟེ། །མཐའ་ཡས་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་སྟེ། །ཀུན་ལའང་ཆགས་པ་མེད་པར་གྱུར་དེ་དག །བྱེ་བ་ཕྲག་ནི་སྟོང་སྟོང་འདུས་པར་འགྱུར། །