Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 94Folio 299Volume 45
Vol. 45F. 299aUT4CZ5369-I1KG9171-0000/side/597
བདེ་གཤེགས་སྒྲོན་མ་ཚལ་གྱི་ལས་བྱེད་ཚེ། །དེ་བཞིན་གཤེགས་པ་དབྱིག་གསལ་དེ་ལ་ནི། །ཨ་མྲའི་འབྲས་བུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་འོད་འཕྲོ་ནི། །རོ་བྲོ་འཚོང་ཚེ་དེ་བཞིན་གཤེགས་པ་པོ། ། སྐྱོན་ཞི་དེ་ལ་ཁ་རའི་དུམ་བུ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བློ་ཡངས་ཀུན་རྒྱུའི་ཚེ། །དེ་བཞིན་གཤེགས་པ་རྒྱུ་སྐར་རྒྱལ་པོ་ལ། །ལོ་མ་དག་གི་རི་ལུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་སྐྱེས་རྒྱ་མཚོའི་ ཚོང་པའི་ཚེ། །དེ་བཞིན་གཤེགས་པ་བསྙེངས་དང་བྲལ་དེ་ལ། །ན་བཟའ་སྟོང་ཕྲག་བརྒྱ་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ནོར་ལྷ་ཤིང་འཚོང་ཚེ། །དེ་བཞིན་གཤེགས་པ་བློ་གསལ་དེ་ལ་ནི། །རྩྭ་བམ་སྒྲོན་མེ་དག་ནི་ཕུལ་ནས་ཀྱང་། །དང་ པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡིད་གཉིས་སྤོང་བ་གསེར་མགར་ཚེ། །དེ་བཞིན་གཤེགས་པ་ཡིད་གཉིས་སེལ་མཛད་ལ། །གསེར་གྱི་མེ་ཏོག་དག་ནི་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཛིན་པ་དཔག་མེད་གསེར་ རྟོག་ཚེ། །དེ་བཞིན་གཤེགས་པ་བྱམས་པའི་དཔལ་དེ་ལ། །གསེར་ནི་སྤར་གང་གཏོར་ཏེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མཆོག་སྲིད་སྡེ་དཔོན་གྱི། །བུ་ཚེ་དེ་བཞིན་གཤེགས་པ་གཙོ་མཆོག་ལ། །གསེར་ལས་བྱས་པའི་གདུགས་དག་ཕུལ་ ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཆོམས་མེད་ལྕགས་མགར་ཚེ། །དེ་བཞིན་གཤེགས་པ་སྣ་ཚོགས་གསུང་དེ་ལ། །ཨ་ཧ་ཏ་ཀ་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་གནས་གྲོང་ཁྱེར་རྟེན་ པའི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་དེ་ལ། །མེ་ཏོག་རངས་པ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དེར་གནས་ཐགས་མཁན་ཚེ། །དེ་བཞིན་གཤེགས་པ་ཟླ་བ་གཟིགས་དེ་ལ། །སྐུ་རེགས་དག་ནི་དབུལ་བ་
Vol. 45F. 299bUT4CZ5369-I1KG9171-0000/side/598
བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་ཆེན་གཙོ་བོ་མགོན་མེད་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་བདུད་ཟིལ་གནོན་པ་དེ་ལ་ནི། །མོན་སྲན་གྲེའུ་ཡི་འབྲུ་མར་མར་མེ་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ། བདེ་གཤེགས་འགྲོ་བའི་འོད་ཟེར་འཁོར་ལོས་སྒྱུར་བའི་ཚེ། །བདེ་གཤེགས་ཤིང་རྟ་ཆེན་པོ་འཁོར་བཅས་བྱེ་སྟོང་ལ། །རྒྱལ་པོའི་ཞལ་ཟས་དག་ནི་བྲིམ་པ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཕལ་ཆེན་འཁོར་ལོས་ སྒྱུར་བའི་ཚེ། །དེ་བཞིན་གཤེགས་པ་སེང་གེའི་སྟོབས་ཀྱིས་གཤེགས་དེ་ལ། །དཔག་ཚད་བཅུ་གཉིས་ཁྱོན་ཙམ་སྐྱེད་མོས་ཚལ་ཕུལ་ནས། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྒྱལ་ནི་འབྲུ་མར་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་འོད་ཟེར་ ཚིམ་དེ་ལ། །ཞབས་བསྐུ་བ་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་ཁྲུས་པའི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་སྦེད་པ་དེ་ལ་ནི། །འདག་པའི་ཆལ་གྱིས་སྣོད་དག་བཀང་སྟེ་ཕུལ་ནས་ཀྱང་། ། དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་གྱི་བློ་གྲོས་ནད་པའི་ཚེ། །དེ་བཞིན་གཤེགས་པ་དོན་གྲུབ་མཐུ་རྩལ་ལ། །ཁ་རའི་དུམ་བུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྨན་པའི་རྒྱལ་པོ་ཕྱེ་འཚོང་ ཚེ། །དེ་བཞིན་གཤེགས་པ་ཉི་མའི་འོད་དེ་ལ། །ཕྱེ་ཡི་བསོད་སྙོམས་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐ་བ་སྤངས་པ་སྨན་པའི་ཚེ། །དགེ་འདུན་དག་ལ་མར་ཁུ་ཕུལ་ནས་ཀྱང་། །དེ་བཞིན་གཤེགས་པ་གཟིགས་པའི་ ཕུང་པོ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིམས་མེད་ཤིང་བཟོ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་རྣམ་དག་བློ་དེ་ལ། །ཤིང་རྟ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལེགས་བྱིན་