Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 94Folio 79Volume 45
Vol. 45F. 79aUT4CZ5369-I1KG9171-0000/side/157
པར་སེམས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཚུལ་ཁྲིམས་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །དེ་ལ་བཟོད་པ་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ གང་ཞེ་ན། སེམས་ཅན་བདེ་ན་དང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །སེམས་ཅན་གྱི་ཉོན་མོངས་པ་བཟོད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འཁོར་བ་ཐོག་མ་མེད་པ་ནས་སྐྱེ་བ་ལ་མི་མཇེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །རྟག་ཏུ་རྒྱུན་མི་འཆད་པར་ངེས་པར་རྩོམ་ པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སེམས་ཅན་ལ་ཕན་པར་ངེས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བཟོད་པ་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ ལ་བརྩོན་འགྲུས་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འཇིག་རྟེན་ལ་ཕན་པར་སྦྱོར་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །གནོད་པ་མེད་པར་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྡུག་བསྔལ་ཐོབ་པ་ཐར་བར་བྱས་པ་ནི་དཔེར་ན་ཐི་བའི་ ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའིའོ། །སྦྱོར་བ་མ་བཏང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བརྩོན་འགྲུས་ཀྱིས་སྒྲིབ་པ་སེལ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སངས་རྒྱས་ཀྱི་ཡུལ་དུ་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བརྩོན་འགྲུས་ ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །དེ་ལ་བསམ་གཏན་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱམས་པ་གཙོ་བོའི་བསམ་གཏན་སེམས་ཅན་ལ་ཕན་པ་དང་ལྡན་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །སེམས་ཅན་ལ་ཕན་པའི་འདུ་ཤེས་ཅན་གྱི་བསམ་ གཏན་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འཇིག་རྟེན་ལ་ཕན་པར་སེམས་སྤྲོ་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །ཉེ་བར་ཞི་བའི་ཕྱིར་ངེས་པར་འབྱུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཆོས་ཀྱི་སྦྱིན་པ་ལེགས་པར་བསམས་ནས་སྨྲ་བ་གང་ཡིན་པ་དེ་ནི་བསམ་གཏན་
Vol. 45F. 79bUT4CZ5369-I1KG9171-0000/side/158
གྱིའོ། །རང་བཞིན་གྱིས་གནས་པའི་ངེས་པའི་ཚིག་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བསམ་གཏན་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །དེ་ལ་ཤེས་རབ་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་ཀྱི་སྦྱིན་པ་རབ་ཏུ་སྦྱིན་པར་བྱེད་པ་ གང་ཡིན་པ་དེ་ནི་སྦྱིན་པའིའོ། །ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པར་སྨྲ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཆོས་ཀྱི་སྦྱིན་པ་ལ་ཡོངས་སུ་སྐྱོ་བ་མེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །དད་པས་ངེས་པར་འབྱུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཆོས་ཀྱི་སྦྱིན་པ་ལེགས་ པར་བསམས་ནས་སྨྲ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རང་བཞིན་གྱི་དེ་བཞིན་ཉིད་དང་ངེས་པའི་ཚིག་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཤེས་རབ་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་རྣམ་པར་སྨིན་པ་མིག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་ གང་ཞེ་ན། མཐོང་ན་དགའ་བར་འགྱུར་བའི་མིག་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །མིག་བལྟ་ན་སྡུག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཐག་རིང་པོར་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །མིག་དཀྱུས་རིང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། ། བལྟས་པས་དང་བར་འགྱུར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཀུན་ནས་ཤིན་ཏུ་དང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་སྨིན་པ་མིག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་རྣམ་པར་སྨིན་པ་རྣ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྣ་བ་ཉམས་ པ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །རྣ་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རྣ་བའི་ཁམས་ཤིན་ཏུ་དང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །རྣ་བ་ཆ་ཕྲ་བ་ཐོས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རྣ་བ་ཐག་རིང་བ་ཐོས་པ་གང་ཡིན་པ་དེ་ནི་བསམ་ གཏན་གྱིའོ། །བཀུར་སྟི་མ་ཡིན་པ་ཐོས་ན་མི་དགའ་བ་མེད་པའི་རྣ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་སྨིན་པ་རྣ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་རྣམ་པར་སྨིན་པ་སྣའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དང་བར་འགྱུར་བའི་སྣ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །