Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 95Folio 232Volume 46
Vol. 46F. 232aUT4CZ5369-I1KG9172-0000/side/463
སྟོན་ཀྱང་ཕུང་པོའི་ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་གནས་པ་དང་། འཇམ་དཔལ་བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པ་རྣམས་སྟོན་ཀྱང་རང་བཞིན་ཆོས་ཉིད་ཀྱིས་ཆགས་པ་མ་མཆིས་པ་དང་། འཇམ་དཔལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཡོངས་སུ་སྨིན་པར་བགྱི་
བའི་སླད་དུ། རྒ་བ་དང་འཆི་བ་སྟོན་ཀྱང་ཆོས་ཐམས་ཅད་ལ་འཆི་འཕོ་བ་དང་འགྲོ་བ་མ་མཆིས་པར་རབ་ཏུ་རྟོགས་པ་དང་། འཇམ་དཔལ་བྱང་ཆུབ་སེམས་དཔའ་ནི་ལྷའི་བུ་དག་སྟོན་ཀྱང་ཕྲག་དོག་དང་རློམ་སེམས་ཐམས་ཅད་དང་བྲལ་བའི་སླད་དུའོ། །འཇམ་དཔལ་གྱིས་སྨྲས་པ། བུ་མོ་བྱང་
ཆུབ་སེམས་དཔའ་ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱེད། བུ་མོས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔས་ཤེས་རབ་དང་ཐབས་ཡོངས་སུ་སྒོམ་པས་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་དོ། །འཇམ་དཔལ་གྱིས་སྨྲས་པ། བུ་མོ་བྱང་ཆུབ་སེམས་དཔས་ཇི་ལྟར་སེམས་
ཅན་ཐམས་ཅད་ཀྱི་དྲུང་དུ་གནས་པར་བྱ། བུ་མོས་སྨྲས་པ། འཇམ་དཔལ་རང་གི་སེམས་དང་ཤེས་པ་ཡོངས་སུ་སྒོམ་པས་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་གནས་པར་བགྱིའོ། །འཇམ་དཔལ་གྱིས་སྨྲས་པ། བུ་མོ་འཁོར་འདི་ནི་ཁྱོད་ལ་ཆོས་ཉན་པར་འདོད་དོ། །
བུ་མོས་སྨྲས་པ། འཇམ་དཔལ་གང་དུ་བདག་དང་གཞན་གྱི་འདུ་ཤེས་འཇུག་པ་དེ་ནི་ཉན་པར་འཚལ་བ་མ་ལགས་ལ། གང་ལ་རྣ་བའི་རྣམ་པར་རིག་པས་རྣམ་པར་ཤེས་པ་འཇུག་པ་ཡང་ཉན་པར་འཚལ་བ་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཆོས་ཉན་པར་འདོད་པ་ཞེས་
བྱ་བ་ཇི་ལྟ་བུ་ཡིན། བུ་མོས་སྨྲས་པ། འཇམ་དཔལ་གང་གི་ཚེ་རང་གི་ལུས་ལ་རྨི་ལམ་གྱི་མི་ལྟ་བུར་མོས་པ་དང་། ཆོས་སྟོན་པ་ལ་སྒྱུ་མའི་མི་ལྟ་བུར་མོས་པ་དང་། བསྟན་པའི་ཆོས་དེ་ལ་ཡང་བྲག་ཅའི་སྒྲ་སྐད་ལྟ་བུར་མོས་ཤིང་མོས་པ་དང་། རྣམ་པར་གྲོལ་བ་ལ་ཡང་གཉིས་སུ་མི་བགྱིད་པ་དེ་
ཙམ་གྱིས་ན་ཆོས་ཉན་པར་འཚལ་བ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཆོས་ཇི་ལྟར་མཉན་པར་བྱ། བུ་མོས་སྨྲས་པ། ཆོས་ལ་སྟོན་པ་ལ་ནན་ཏན་བགྱིད་པས་ཆོས་མཉན་པར་བགྱིའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་རླབས་དང་།
Vol. 46F. 232bUT4CZ5369-I1KG9172-0000/side/464
རང་གི་དགེ་བའི་རྩ་བ་བསགས་པའི་ཤེས་རབ་ཀྱིས་སྨད་འཚོང་མའི་བུ་མོ་གསེར་མཆོག་འོད་དཔལ་གྱིས་དེ་ལྟ་དེ་ལྟར་ཆོས་བསྟན་པ་ན། འཁོར་དེ་ལས་སྲོག་ཆགས་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་ཐེག་
པ་པ་སྔོན་དགེ་བའི་རྩ་བ་བསགས་པའི་ལྷ་དང་མི་ལྔ་བརྒྱས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྲོག་ཆགས་སུམ་ཁྲི་ཉིས་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །བུ་མོ་དེ་ཡང་ཆོས་ཉན་པའི་དགའ་བ་དང་། མཆོག་ཏུ་དགའ་བས་ཆོས་
རྣམས་ལ་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེས་བཟོད་པ་ཐོབ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་རྐང་པ་ལ་གཏུགས་ཏེ། འཇམ་དཔལ་ཐུགས་བརྩེ་བའི་སླད་དུ་བདག་རབ་ཏུ་དབྱུང་དུ་གསོལ། ཚུལ་བཞིན་མ་ལགས་པར་བསྐྱེད་པ། འཕགས་པ་མ་ལགས་པ།
འཕགས་པའི་ཆོས་ལས་ཉམས་པར་བགྱིད་པའི་ལུས་འདི་ལས་ཐར་བར་མཛད་དུ་གསོལ་ཞེས་རབ་ཏུ་འབྱུང་བར་གསོལ་བ་བཏབ་བོ། །འཇམ་དཔལ་གྱིས་སྨྲས་པ། སྲིང་མོ་འདི་ལྟ་སྟེ། མགོའི་སྐྲ་འདྲེག་པ་དེ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་འབྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བུ་མོ་གང་
སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་གཅད་པའི་ཕྱིར་བརྩོན་པ་དེ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་འབྱུང་བ་ཡིན་པའི་ཕྱིར་རོ། །བུ་མོ་གང་གོས་ངུར་སྨྲིག་འཆང་བ་དེ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་འབྱུང་བ་མ་ཡིན་གྱི། བུ་མོ་གང་བདག་ཉིད་ཀྱང་བསླབ་པ་དང་། ཚུལ་ཁྲིམས་ཡང་དག་
པར་བླངས་ལ། ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་ཀྱང་ཚུལ་ཁྲིམས་ཀྱི་སྡོམ་པ་དང་། བརྟུལ་ཞུགས་ལ་ཡང་དག་པར་སྦྱོར་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་འབྱུང་བ་ཡིན་ནོ། །བུ་མོ་གང་བདག་ཉིད་དབེན་པར་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་འབྱུང་བ་
མ་ཡིན་གྱི། བུ་མོ་གང་འགྲོ་བ་ལྔའི་འཁོར་བ་ན་རྣམ་པར་རྒྱུག་པའི་སེམས་ཅན་རྣམས་དབེན་པ་ཤེས་པ་ལ་འགོད་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་འབྱུང་བ་ཡིན་ནོ། །ཁ་དོག་དང་གཟུགས་ཀྱི་རྟགས་དང་སྤྱོད་ལམ་གྱི་དབྱིབས་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་འབྱུང་བ་མ་