Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 99Folio 30Volume 47
Vol. 47F. 30aUT4CZ5369-I1KG9173-0000/side/59
ཤེས་པ་འགོག་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་སྣའི་རྣམ་པར་ཤེས་པའི་
ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་
ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་ལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་
མཁྱེན་ཏོ། །དེ་བཞིན་གཤེགས་པ་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །
ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ལྕེའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཟིན་པའི་འབྱུང་བ་ཆེན་པོ་རྒྱུར་བྱས་པའི་དང་བ་གང་ཡིན་པ་ནི་ལྕེའི་རྣམ་པར་སྨིན་པ་སྟེ། ལྕེའི་སྐྱེ་
མཆེད་གང་ལ་རོ་སྣང་བར་འགྱུར་བ་དང་། རོ་ཡང་ཐོགས་པ་དང་། ལྕེ་གང་རོ་དག་ལ་ཐོགས་པ་དང་། ལྕེ་གང་ལ་ཡང་རོ་ཐོགས་པ་དང་། རོ་མྱངས་པ་དང་། ལྕེ་གང་རོ་མྱོང་བ་དང་། རོ་མྱོང་བར་འགྱུར་བ་དང་། རོ་དག་མྱང་བར་བྱ་བའི་ཕྱིར། རྟག་ཏུ་ཐ་མི་དད་ཅིང་རུང་བའི་ལྕེ་གང་ཡིན་པ་
དང་། ཁམས་བཅྭ་བརྒྱད་དག་ལས་ལྕེའི་ཁམས་གང་ཡིན་པ་དང་། སྐྱེ་མཆེད་བཅུ་གཉིས་དག་ལས་ལྕེའི་སྐྱེ་མཆེད་གང་ཡིན་པ་དང་། དབང་པོ་ཉི་ཤུ་རྩ་གཉིས་དག་ལས་ལྕེའི་དབང་པོ་གང་ཡིན་པ་སྟེ། དེ་ནི་ལྕེ་ཡང་ཡིན། དེ་ནི་ལྕེའི་ཁམས་ཀྱང་ཡིན། དེ་ནི་ལྕེའི་སྐྱེ་མཆེད་ཀྱང་ཡིན། དེ་ནི་
Vol. 47F. 30bUT4CZ5369-I1KG9173-0000/side/60
ལྕེའི་དབང་པོ་ཡང་ཡིན། དེ་ནི་སྒོ་ཡང་ཡིན། དེ་ནི་དཀར་བ་ཡང་ཡིན། དེ་ནི་རྒྱུན་ཀྱང་ཡིན། དེ་ནི་མཚོ་ཡང་ཡིན། དེ་ནི་རྒྱ་མཚོ་ཡང་ཡིན། དེ་ནི་ཀློང་ཡང་ཡིན། དེ་ནི་སྣང་བ་ཡང་ཡིན། དེ་ནི་ཆུ་འབྱུང་ཡང་ཡིན། དེ་ནི་ཁྲིད་བྱེད་ཀྱང་ཡིན། དེ་ནི་འདྲེན་བྱེད་ཀྱང་ཡིན། དེ་ནི་ཞིང་ཡང་ཡིན། དེ་ནི་
དངོས་པོ་ཡང་ཡིན། དེ་ནི་སྦུབས་ཀྱང་ཡིན། དེ་ནི་གསང་བ་ཡང་ཡིན། དེ་ནི་ཕ་རོལ་གྱི་འགྲམ་མ་ཡིན་པ་ཡང་ཡིན། དེ་ནི་བདུད་ཀྱི་སྣོད་ཀྱང་ཡིན། དེ་ནི་བདག་གི་དངོས་པོར་འཇུག་པ་ཡང་ཡིན། །དེ་ནི་གྲོང་སྟོང་པར་འཇུག་པ་ཡང་ཡིན། དེ་ནི་མངོན་པར་ཤེས་པར་བྱ་བ་ཡང་ཡིན། དེ་ནི་
ཡོངས་སུ་ཤེས་པར་བྱ་བ་ཡང་ཡིན། དེ་ནི་སྤང་བར་བྱ་བ་ཡང་ཡིན་ཏེ། དེ་ནི་ལྕེའི་ཁམས་ཞེས་བྱའོ། །དེ་ལ་ཤེས་པ་དང་། མཐོང་བ་དང་། གསལ་བ་དང་། མངོན་པར་རྟོགས་པ་དང་། ཡང་དག་པར་ཁོང་དུ་ཆུད་པ་དང་། མཁས་པ་གང་ཡིན་པ་འདི་ནི་ལྕེའི་ཁམས་ཤེས་པ་ཞེས་བྱ་སྟེ།
དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལྕེའི་ཁམས་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་བའི་བར་དུའོ། །ཁྱིམ་
བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ལྕེའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་
ནས། ལྕེའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང་རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང་རྐྱེན་གང་དག་གིས་ལྕེའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་
ཡང་དག་པར་འགྲུབ་པའི་རྒྱུ་དེ་དང་རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་ལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་