Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽

Toh 99Folio 63Volume 47
Vol. 47F. 63aUT4CZ5369-I1KG9173-0000/side/125
ཀུན་ཏུ་སྤྱོད་པ་གང་ཡིན་པ་འདི་ནི་མོའི་དབང་པོའོ། །དེ་ལ་ཤེས་པ་དང་། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་མོའི་དབང་པོ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མོའི་དབང་ པོ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང་འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་ པས་ཕོའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཕོའི་སྒྲ་དང་། ཕོའི་ཆ་བྱད་དང་། ཕོའི་སྦ་བ་དང་། ཕོའི་ཚུལ་དང་། ཕོའི་ཀུན་དུ་སྤྱོད་པ་གང་ཡིན་པ་འདི་ནི་ཕོའི་དབང་པོ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་ གཤེགས་པ་ཕོའི་དབང་པོ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་ ཇི་ལྟར་ན་དེ་བཞིན་གཤེགས་པས་ཚེའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་སེམས་ཅན་གང་དག་དུད་འགྲོའི་སྐྱེ་གནས་སུ་སོང་བའི་ཚེའི་ཚད་ཉིན་ཞག་གཅིག་པ་ཡོད་དེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། སེམས་ཅན་གང་དག་དུད་འགྲོའི་སྐྱེ་གནས་ སུ་སོང་བའི་ཚེའི་ཚད་ནི་ལྔ་བརྒྱ་པ་ཡང་ཡོད་ལ། དུས་མ་ཡིན་པར་འཆི་བ་ཡང་ཡོད། སེམས་ཅན་གང་དག་དུད་འགྲོའི་སྐྱེ་གནས་སུ་སོང་བའི་ཚེའི་ཚད་བསྐལ་པར་གནས་པ་ཡང་ཡོད་ལ། དུས་མ་ཡིན་པར་འཆི་བ་ཡང་ཡོད། འཛམ་བུའི་གླིང་གི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་བརྒྱ་པ་སྟེ། དུས་ མ་ཡིན་པར་འཆི་བ་ཡང་ཡོད། ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་ཉིས་བརྒྱ་ལྔ་བཅུ་པ་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། ཤར་གྱི་ལུས་འཕགས་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་ལྔ་བརྒྱ་པ་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་
Vol. 47F. 63bUT4CZ5369-I1KG9173-0000/side/126
སྟོང་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད་དེ། མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་དང་དེ་ནི། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་གི་ཚད་དེས་ཉི་མ་བཅྭ་ལྔ་ལ་ཟླ་བ་ཕྱེད་དོ། །ཉི་མ་སུམ་ཅུ་ལ་ཟླ་བ་གཅིག་གོ། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ། །རྒྱལ་ ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་ལྔ་བརྒྱ་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། མི་རྣམས་ཀྱི་ལོ་བརྒྱ་པ་དེ་ནི། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཚད་དེས་ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། མི་རྣམས་ཀྱི་ལོ་ཉིས་བརྒྱ་གང་ཡིན་པ་དེ་ནི། འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་གི་ཚད་དེས་ཞག་སུམ་ཅུ་ལ་ཟླ་བ་གཅིག་གོ། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ། །འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་ཉིས་སྟོང་སྟེ། དུས་ མ་ཡིན་པར་འཆི་བ་ཡང་ཡོད། མི་རྣམས་ཀྱི་ལོ་བཞི་བརྒྱ་གང་ཡིན་པ་དེ་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་གི་ཚད་དེས་ཞེས་བྱ་བ་ནས། ཟླ་བ་བཅུ་གཉིས་དང་ལོའི་བར་དུའོ། །དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་བཞི་སྟོང་སྟེ། དུས་མ་ཡིན་པར་འཆི་བ་ཡང་ ཡོད། མི་རྣམས་ཀྱི་ལོ་བརྒྱད་བརྒྱ་གང་ཡིན་པ་ནི། འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་གི་ཚད་དེས་ཞེས་བྱ་བ་ནས་ལོའི་བར་དུའོ། །འཕྲུལ་དགའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་བརྒྱད་སྟོང་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། མི་རྣམས་ཀྱི་ལོ་སྟོང་དྲུག་བརྒྱ་གང་ཡིན་ པ་དེ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །ཉིན་ཞག་གི་ཚད་དེས་ཞེས་བྱ་བ་ནས་ལོའི་བར་དུའོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་ཁྲི་དྲུག་སྟོང་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། ཚངས་པ་དང་། ཚངས་རིས་དང་། ཚངས་པའི་མདུན་ན་ འདོན་དང་། ཚངས་འཁོར་དང་། ཚངས་པ་ཆེན་པོ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། འོད་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་གཉིས་ཏེ། དུས་མ་ཡིན་པར་འཆི་བ་ཡང་ཡོད། དགེ་བ་དང་། ཆུང་