Derge Kanjur - བཀའ་འགྱུར ༼སྡེ་དགེ་པར་ཕུད༽
Toh 99Folio 78Volume 47
Vol. 47F. 78aUT4CZ5369-I1KG9173-0000/side/155
དམིགས་ཏེ། །ཤིན་ཏུ་སྒྲོམ་བུ་སྦས་པའི་སོས་གཟུགས་མི་རུང་བ། །དེ་ཡི་སྡིག་མཐོང་སེམས་ཅན་ཁྱད་པར་མེད་པ་ལྟར། །དེ་ལྟར་ཉོན་མོངས་པ་དག་སྤངས་ཤིང་འདས་པ་མེད། །སྔོན་གྱི་ལས་མངོན་འདུ་བྱེད་སྡུག་བསྔལ་འཁོར་ལོ་སྡིག །གང་གིས་ཚེ་གཞན་དག་
ཏུ་ཕྱིར་ཞིང་སྡུག་བསྔལ་བཟློག །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དབང་པོ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་
བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་སྟོབས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱི་སྟོབས་དང་སྟོབས་མ་ཡིན་པ་ཤེས་པ་ཡང་དག་པ་
ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་ཟག་འདི་ནི་དད་པའི་སྟོབས་འདི་ཙམ་དང་ལྡན། གང་ཟག་འདི་ནི་བརྩོན་འགྲུས་ཀྱི་སྟོབས་འདི་ཙམ་དང་ལྡན། དྲན་པའི་སྟོབས་འདི་ཙམ་དང་། ཏིང་ངེ་འཛིན་གྱི་སྟོབས་འདི་ཙམ་དང་། གང་ཟག་འདི་ནི་ཤེས་རབ་ཀྱི་སྟོབས་འདི་ཙམ་དང་ལྡན། གང་ཟག་
འདི་ནི་ཐབས་ལ་མཁས་པའི་སྟོབས་འདི་ཙམ་དང་ལྡན། གང་ཟག་འདི་ནི་མོས་པའི་སྟོབས་འདི་ཙམ་དང་ལྡན་ནོ། །དེ་ལ་ཤེས་པ་དང་། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་སྟོབས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །
དེ་བཞིན་གཤེགས་པ་སྟོབས་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །འདིར་ཆོས་ཉིད་འདི་ལ་འདི་
སྐད་ཅེས་བརྗོད་པར་བྱ་སྟེ། བདག་ཉིད་ཆེན་པོས་དུས་རིང་དག་ནས་སྟོབས་ཤེས་བསྟེན། །སངས་རྒྱས་དཔག་མེད་དག་ལ་མ་ལུས་ཡོངས་སུ་ཞུས། །འཇིག་རྟེན་གསལ་མཛད་དབང་པོ་སྟོབས་དང་སྟོབས་མིན་གསུང་། །སེམས་ཅན་ཀུན་གྱི་ཤེས་གང་མི་
Vol. 47F. 78bUT4CZ5369-I1KG9173-0000/side/156
མཆོག་རབ་ཏུ་མཁྱེན། །སེམས་ཅན་དག་གི་དད་བརྩོན་དྲན་ཤེས་ཤེས་རབ་མཁྱེན། །གང་ཞིག་ཆོས་འདི་ལ་འཇུག་འབྱོར་པ་ཅི་འདྲ་བ། །དེ་ཞུས་དེ་བཞིན་གཤེགས་པས་མཁྱེན་པས་ལུང་སྟོན་མཛད། །རྫོགས་སངས་སྟོབས་ཤེས་དེ་ལ་ཡང་དང་ཡང་བསླབས་པས། །
འདིར་ནི་ཞུས་ན་དེ་ཡིས་ཐོགས་མེད་ལུང་སྟོན་མཛད། །རྣམ་འདྲེན་དེ་ནི་ཁང་མཆོག་འདི་ལ་ལོངས་སྤྱོད་འགྱུར།། །།བམ་པོ་བརྒྱད་པ། ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་བརྩོན་འགྲུས་ཀྱི་སྟོབས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་
ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། བརྩོན་འགྲུས་བརྩམས་པས་དོན་དག་འགྲུབ་ཅིང་། ལེ་ལོ་དག་གིས་ནི་མ་ཡིན། བརྩོན་འགྲུས་དག་བརྩམས་པས་གནས་ཤེས་པ་རྟོགས་པར་འགྱུར་ཞིང་། ལེ་ལོ་དག་གིས་ནི་མ་ཡིན། དེ་བཞིན་
དུ་བརྩོན་འགྲུས་དག་བརྩམས་པས་གནས་ཤེས་པས་ཀུན་འབྱུང་བ་ཤེས་པ་རྟོགས་པར་འགྱུར་ཞིང་། ལེ་ལོ་དག་གིས་ནི་མ་ཡིན། བརྩོན་འགྲུས་དག་བརྩམས་པས་གནས་ཤེས་པ་འགོག་པ་ཤེས་པ་རྟོགས་པར་འགྱུར་ཞིང་། ལེ་ལོ་དག་གིས་ནི་མ་ཡིན། བརྩོན་འགྲུས་དག་བརྩམས་
པས་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་རྟོགས་པར་འགྱུར་ཞིང་། ལེ་ལོ་དག་གིས་ནི་མ་ཡིན། དེ་བཞིན་དུ་སྦྱར་ཏེ་སྟོབས་བཅུའི་བར་དག་ལ་ཡང་བྱའོ། །བརྩོན་འགྲུས་དག་བརྩམས་པས་ཐམས་ཅད་མཁྱེན་པའི་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་རྟོགས་པར་
འགྱུར་ཞིང་། ལེ་ལོ་དག་གིས་ནི་མ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལུས་དང་པགས་པ་རྒྱུས་པ་རུས་པ་སྐམས་གྱུར་ཅིང་། །བདག་གི་ལུས་དང་ཁྲག་བཅས་ཐམས་ཅད་ཡོངས་སྐམས་ཀྱང་། །ཐམས་ཅད་ཤེས་པ་རྟོགས་པར་མ་བྱས་པར་དུ་ནི། །བརྩོན་འགྲུས་གཏོང་བ་དག་ཏུ་བྱེད་པར་
མི་འགྱུར་རོ། །དེ་ལྟར་ན་བརྩོན་འགྲུས་བརྩམས་པས་གནས་ཤེས་པ་རྟོགས་པར་འགྱུར་ཞིང་། ལེ་ལོ་དག་གིས་མ་ཡིན་ཏེ། བརྩོན་འགྲུས་བརྩམས་པས་དོན་དག་བསྒྲུབ་པར་འགྱུར་ཞིང་། ལེ་ལོ་དག་གིས་ནི་མ་ཡིན། ཐམས་ཅད་མཁྱེན་པའི་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པའི་